ཐོ་ཐོ།

མགོན་ཤུལ་ཕུན་ཚོགས་ཚེ་རིང་།        2019-05-05

    

ཐོ་ཐོ།

   མི་ནི་ཉིན་མཚན་གོས་སུ་བྱས་པའི་སྐྱེས་འགྲོའི་ཚོ་ཁག་ཅིག་ཏུ་ངེས་ལ། ཉིན་མཚན་རེ་རེའི་འཚོ་བའི་གོ་རིམ་ཁྲོད། མ་མཐོང་བ་མཐོང་དུས་དང་མ་རྙེད་པ་རྙེད་པའི་དུས་ནི་ངེས་པར་ཡོད། བསམ་གཞིགས་དང་དྲན་གདུང་གིས་སྐྱོམས་པའི་སེམས་གཞས་སྐྱ་བོ་ལྷ་མི་གཉིས་ཀྱི་སོ་མཚམས་དང་གནམ་ས་གཉིས་ཀྱི་སྦྲེལ་མཚམས་ནས་འཚོལ་ཡང་དགོས་ལ་ཐོབ་ཀྱང་འོས་པའི་ཁ་དོག་ཅིག་གི་གཏིང་རིམ་ཉུལ།

    དྲན་འཛིན་གྱི་ལྟེབ་ཁུག་ན་ཉར་བའི་ཚེ་སྲོག་ཅིག་གི་རྒྱག་ཕྱེ་དུང་མདོག་གི་ཟླ་བའི་ཕ་མཐར་མངོན་པའི་ཁྲ་ཆིལ་གྱི་སྐར་མའི་ཁྱུ་ཚོགས་ཀྱི་མཚོན། རིག་མ་སད་པའི་རྣམ་ཤེས་ཤིག་གི་ཉེས་པས། ངའི་བསམ་བློའི་འཕྲུལ་འཁོར་གྱི་ལྷུ་ལག་རྣམས་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་སུ་གྱུར་བ་ལྟར།རང་ཉིད་གང་ནས་འོང་པ་དང་།གང་དུ་འགྲོ་བ།གང་དུ་ཡོད་པའི་སྐོར་ལའང་མེ་ལོང་གི་རིགས་སུ་གཏོགས་པའི་ཆོས་རྣམས་མདུན་དུ་བཞག་ནས།མགོ་ནས་མཇུག་གམ་མཇུག་ནས་མགོའི་བར་ཞིབ་ལྟ་ཞིག་བྱེད་པའི་རྐྱེན་དུ་གྱུར། རྒྱུ་མཚན། “ཚེ་སྲོག་ཅིག་རྩུབ་ཧྲག་གེར་འཇིག་རྟེན་དུ་ལྷུང་བ་ནས།རང་ལ་དབང་བའི་འཚོ་བའི་སྙིང་བོ་རེ་ཡོད”རང་གི་བདེ་སྐྱིད་ཀྱི་རྩ་བ་གཞན་གྱི་སྡུག་བསྔལ་གྱི་ཚབ་བྱེད་མི་འོས་ལ་གལ་སྲིད་འོས་པའི་དབང་དུ་བཏང་ཡང་།མདུན་སྐྱོད་ཀྱི་ཡལ་ག་རྒྱས་པ་མེད་ཅིང་རེ་བའི་འབྲས་བུ་ནི་དེ་བས་ཀྱང་ངོ་།། མྱ་ངན་གྱི་རླུང་ཁ་ནས་བུ་ཡུག་བཞིན་འཚུབ་དུས། སྨིན་ཟིན་པའི་འབྲས་བུ་ཞིག་གིས་འབྲས་བུ་གསར་བ་ཞིག་གི་ཚབ་བྱེད་ཐབས་བྲལ། རང་ཉིད་རང་ལ་དབང་ཞིང་སིལ་ཏོག་ནགས་ལ་ཐོགས་པའི་དབྱར་དགུན་སྟོན་དཔྱིད་ཀྱི་བརྗེ་རེས་དང་། སྦྲང་ཆར་བསིལ་མའི་འབབ་རྒྱུན་ཁྲོད། མྱུ་གུ་འབུས་ཤིང་ལོ་འདབ་རྒྱས་ལ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན།

    སེམས་ཀྱི་དྲན་འཛིན་དམར་རོ་ནམ་ཡང་འཚོ་བའི་སྤྲོ་བ་དང་བདེ་སྐྱིད་ཀྱི་ཆེད་དུ་གསོན་པས། འཚོལ་ཞིང་སྙེག་གིན་པ་ཡང་འོད་ཟེར་ཞིག་ཅི་ལ་མིན། བོའུ་སྒྲ་མེད་པའི་མཚན་མོར། རྐུ་བྱེད་པ་དང་ཇག་བྱེད་པ། བཙན་གཡེམ་དང་ཁྲམ་པ་བྱེད་པ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་མང་། ཉེན་ཁ་ཆེ་བའི་མཚན་མོར། མི་རྣམས་སྐྱེས་མ་ཉིད་ནས་དགའ་པོ་མ་བྱུང་ལ།ཕྱེ་ལེབ་མེ་ལྕེབས་བཞིན་འོད་གསལ་གྱི་ལམ་སྣེ་ཞིག་ལ་ཚམ་ཚོམ་མེད་པར་ཐོ་འགོད་བྱེད། འགྲོས་མི་མཉམ་པའི་འཁོར་བའི་གྲོང་ཚོ་འདི་ནས། མི་ཞིག་གིས་ངའི་སྣང་བའི་ཕོ་བྲང་ཕྱི་དྲན་གྱི་ཀློང་དུ་བཞེངས། ཁོས་བཤད་པའི་གཏམ་རྒྱུད་ཅིག་མི་ལོ་སུམ་ཅུ་ལྷག་འདས་ཀྱང་ད་ལྟའང་རྡོ་ལ་རི་མོ་བརྐོས་པ་བཞིན་དྲན་གྱིན་འདུག ཐོ་ཐོ་ལགས། ཁྱེད་རང་བདེ་ལགས་སམ།གུས་པོས་ཁྱེད་ཀྱི་མི་ཚེའི་གཏམ་རྒྱུད་དེ་སྙིང་ཉེ་བའི་ཀློག་པ་པོར་སྦྲན་པར་དགོངས་པ་སྩོལ་རོགས་ཀྱེ།

    ཐོ་ཐོ་ནི་ངའི་མཚང་མིང་ཡིན་ཞིང་།ཐོག་མའི་མིང་ལ་ཚེ་དབང་སྐྱབས་ཟེར(ཁོས་ཡུན་རིང་ལ་འདང་བརྒྱབ་རྗེས་མིང་འདི་དྲན་སོས)ཐོ་ཐོ་ནི་“ཇིང་གེར་རྒྱལ་པོ”ཞེས་པའི་མུ་འབྲེལ་བརྙན་འཕྲིན་ནང་གི་མི་སྣ་ཞིག་རེད།དགོན་པའི་ནང་ནས་སློབ་གཉེར་སྐབས་སྤྲུལ་སྐུ་ཚང་ངེད་གཉིས་སློབ་གྲོགས་ཡིན་པས།དགེ་རྒན་གྱིས་བདུན་ཕྲག་རེ་ལ་ལེའུ་འགའ་ལ་བལྟ་བའི་ཆོག་མཆན་ཡོད་པས།ཟླ་གཅིག་ལྷག་ལ་བརྙན་འཕྲིན་དེར་བལྟ་སྐབས།སྤྲུལ་སྐུ་ཚང་གིས་ང་ལ་ཐོ་ཐོ་ཞེས་བོས་པ་དང་།སློབ་གྲོགས་ཚོས་བོས།ག་ལེར་ཁྱིམ་མི་དག་གིས་ཀྱང་དེ་ལྟར་བོས་པས།དང་ཐོག་ཞེ་ལ་གནོད་མོ་ཞིག་ཏུ་འདུག་ཀྱང་།ད་ནི་དངོས་མིང་བཞིན་ལོབས་འདུག ངའི་ཁྱིམ་ཐོ་ཐོ་འགོད་བྱེད་སྐབས་ཕལ་ཆེར་ང་རང་ལོ་བརྒྱད་དགུ་ཙམ་ཡིན་ཚོད་འདུག་ལ། ཐོ་འགོད་བྱས་པ་ཧ་ཅང་འཕྱི་བས་ལོ་ཟླས་ཕྲེང་ཐག་བར་ནས་དད་འདུན་གྱིས་ཞེ་རྩ་སྒུལ་པའི་ཕ་དྲིན་ཆེན་གྱིས་ངའི་དང་ཐོག་གི་མིང་བརྗེད་ནས་ཐོ་ཐོ་ཞེས་ཐོ་བཀོད་འདུག ད་ནི་དང་ཐོག་གི་མིང་ལ་ཅི་ཟེར་རང་གིས་ཀྱང་གཟབ་ནན་གྱིས་འདང་མ་བརྒྱབ་ན་བརྗེད་ཟིན་པའི་ཚོད་དུ་ཟད། ང་ནི་ངེད་ཚང་ལ་མིང་སྲིང་གསུམ་ཡོད་པའི་ནང་གི་ཐ་ཆུང་ཡིན།ཕ་མ་གཉིས་ཀྱི་དྲིན་ལ་སེམས་དགའ་སྟེ་བགད་ནས་ལག་ཆགས་ཤིང་།ལོ་དགུའི་ཐོག་ནས་ལོ་རིམ་ལྔ་བའི་བར་སློབ་ཆུང་འགྲིམ་མོད།མིག་མདུན་གྱི་ཡོད་ཚད་ལ་གསོན་ཤུགས་བསྣན་ཏེ་སྐྱིད་ཀྱི་ཉི་མས་མི་སེམས་ལ་དགའ་སྣང་དང་སྤྲོ་སྣང་གིས་བརྒྱན་དུས།སྲིད་པའི་འབྱོར་བ་གློག་འགྱུ་བཞིན་ཡལ་ཞིང་བརྩེ་བའི་གཉེན་ཉེ་ན་བུན་ལྟར་གྱེས་པའི་སྐྱིད་ཀྱི་གཞུག་ན་སྡུག་དང་སྤྲིན་གྱི་གཞུག་ན་ཆར་ཡོད་པ་སུས་ཤེས།ལོ་དེར་ཨ་ཕ་ངེད་གཉིས་ཁང་སྲུང་ཡིན་ཞིང་ཨ་མ་དང་ཨ་ཅེ་གཉིས་མགོ་ལོག་ཏུ་འབུ་བརྐོ་རུ་བུད་སོང་།

    ཨཱ་སྟག་ལྷ།..ཨཱ་ཐོ་ཐོ ..ཀློག་པ་པོ་ལགས།རེ་ཞིག་བཟོད་གསོལ་མཛོད་དང། མགྲོན་པོ་སྒོར་སླེབས་ན་སྒོ་ལྕགས་ལེན་པ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་མི་འོས་ལ། མ་བོས་མགྲོན་པོར་སྒོ་ཕྱེ་རག་བར་དྲན་པའི་རྣམ་ཤེས་ལྷོད་པོར་གཏོང་རོགས།

ཕ་དྲིན་ཆེན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཨ་ཁུ་ལྷ་སྐྱབས་ཚང་གི་ཕུ་བོ་དོན་ཁོའི་རླངས་འཁོར་དུ་རྒྱ་ནག་ཁྲེང་ཏའུ་རུ་བུད་སོང་། རྒྱ་ནག་ཁྲི་འདུ་ནི་སློབ་གྲྭ་ནས་དགེ་རྒན་རྣམས་ཀྱི་ཁར་འཕྲེད་དུ་བཟུང་བའི་གོ་ཐོས་ཅན་གྱི་ས་ཆ་ཞིག་ཡིན་པ་ལས་དངོས་སུ་འགྲོ་མ་མྱོང་། ཉིན་འགའི་རྗེས་སུ།ཕ་དྲིན་ཆེན་ཡུལ་དུ་ལོག་བྱུང་ལ།ཕྱི་ཉིན་རབ་བྱུང་བ་མང་བོ་ཞིག་ཀྱང་ཕེབས་བྱུང་།ཟླ་འགའ་འགོར་རྗེས། ངས་ཕྱིར་ཡོང་མེད་པའི་ཕུ་བོ་ཤིན་ཏུ་དྲན་མྱོང་། མི་ཞིག་འཇིག་རྟེན་ནས་ངུ་ངག་གི་དབྱངས་རྟ་དང་པོ་སྒྲོག་པ་ནས།སྔར་ཡོང་གི་ལམ་དེར་འགྲོ་དགོས་པ་ཞིག་རེད།སྐྱེས་མཐར་འཆི་བ་དང་བསགས་མཐར་འཛད་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པས། སྣང་ལ་མ་ངེས་པའི་ལམ་ལུགས་འོག་སྣང་ལ་མ་ངེས་པའི་སྐྱོ་གདུང་གི་ཡིག་འབྲུ་ཁ་ཤས་ཟིན་ཐོ་འགོད་པའི་ངང་ཚུལ་བཞིན།བདག་གི་དྲན་པའི་རྩིགས་ལྡེབས་ངོས་སུ་ཚོར་བ་དང་འདྲེས་པའི་རྨ་ཁ་མང་ཙམ་འབུས།ཁྱོད་ཅེས་ཉེས་ཅན་གྱི་འཛུབ་མོ་འགེལ་ས་ཞིག་མི་རྙེད་ལ།ང་ཞེས་ལེ་ལན་གྱི་སྡུག་སྨེ་འདོན་ས་ཞིག་ཀྱང་མ་ཟིན།ཁྱོད་ཀྱང་མ་ལན་ང་ཡང་མ་ཉེས་གཤིན་རྗེའི་ཕོ་ཉས་བཀའ་ཡིས་བཙིར་ཞིང་དབང་གིས་བཅོམ་པའི་ནག་མེད་ཉེས་འགེལ་ཞིག་གིས། མིག་ལ་མཆིལ་མ་འཁྲིགས་པའི་སེམས་འགུལ་དང་ལུས་ལ་བ་སྤུ་གཡོ་བའི་སྐུལ་བརྡ་ཞིག་ཀྱང་བཏང་།འདི་ནི་དུས་ཚོད་ཀྱི་འཕར་ཁ་ནས་བཏོན་པའི་སུས་ཀྱང་ལན་འདེབས་ཐབས་བྲལ་བའི་དྲི་གཞི་ཞིག་རེད། ཕུ་བོ་ལམ་དེར་ཞུགས་རྗེས་ཀྱི་ཉི་མ་རེ་རེ་བཞིན་ཕར་སོང་བ་དང་ལོ་ཟླ་རེ་རེ་བཞིན་ཚུར་ཐོན་དུས།ལོ་རྒྱུས་ཀྱི་ཁུར་བོ་ཞིང་ཁ་ནས་བོར་ཞིང་།ལང་ཚོའི་མྱུ་གུ་ཕ་ཡུལ་ནས་འབུས་ཤིང་ཕ་ཡུལ་ནས་རྙིད་སོང་། ངའི་སློབ་གྲྭ་ཞེས་པའི་མིང་ཙམ་གོ་བ་ཡང་རི་བོང་གི་རྭ་ལྟར་དཀའ་ཞིང་མོ་གཤམ་གྱི་བུ་ལྟར་དཀོན། ཕ་ཡུལ་ནི་ང་རང་དགའ་ས་ཡིན་ལ་སྨེང་ས་ཡང་ཡིན།

    ལོ་ཟླའི་ལང་ཚོ་མིག་ཏུ་ཟིན་དུས། ལས་དང་མཐུན་པའི་རང་མདོག་གི་བརྩེ་བ་རྙེད།བརྩེ་དུང་གིས་བསླུ་བྲིད་དང་ཁེར་རྐྱང་གི་དྲན་ཤེས་ཡོད་པ་ནས།འཇིག་རྟེན་འཚོ་བ་འདི་འཕྲུལ་སྣང་གི་བཞེངས་པའི་འཇའ་ཚོན་གྱི་གླིང་ག་གསར་བ་ཞིག་དང་།མི་ཚེ་འདི་སྙུག་ལྕེ་ནས་བརྡོལ་བའི་བསམ་གཞིག་གི་ཐ་སྙད་ཅིག རྒས་པའི་གོ་རིམ་ཅི་ལྟར་དོན་ཡོད་བྱ་རྒྱུ་ལ་མི་སུས་ཀྱང་བསམ་བློ་བཏང་ཡོད་ལ། རིག་མཚོ་ངེད་གཉིས་ཀྱང་དེ་ལས་མ་འདས་པའི་མི་ཕལ་བའི་ནང་གི་ཕལ་བ་ཞིག་ཡིན། རིག་མཚོ་ལགས། འཇིག་རྟེན་ཆ་མེད་འདི་ནས་ཆ་ཡོད་ཀྱི་ཁྱེད་རང་ཡོད་པས།མི་ཡུལ་འཚོ་བ་འདི་དོན་མེད་ཀྱི་སྐྱོ་གླུ་ཞིག་མིན་པའི་ངེས་ཤེས་རྙེད་ཅིང་། སྙིང་ཐིག་ན་རིང་ཐུང་མཉམ་པའི་རེ་འགའ་སྤྲོ་ལ་རེ་འགའ་སྡུག རེ་འགའ་དགོད་ལ་རེ་འགའ་ངུ་བའི་དུས་ཀྱི་འགྱུར་བག་ཁྲོད། ང་ཁྱོད་ལ་དུང་དུང་སུ་ལའང་མ་དུང་ཞིང་ཁྱོད་ལ་དགའ་དགའ་སུ་ལའང་མ་དགའ་བའི་འཚོ་བ་སྣུམ་པོ་ཞིག་ཡོད། ཇི་ལྟར་བསམ་ཞིང་གང་ལ་འདང་བརྒྱབ་རུང་། ཁྱོད་ཀྱི་དྭངས་ཤིང་གསལ་བའི་གདངས།ཕྲ་ཞིང་ལྡེམ་པའི་ལུས།ཟླུམ་ཞིང་སྒོར་བའི་གདོང་།ནག་ཅིང་གྲུང་ཤ་དོད་པའི་མིག་གིས་ཡང་ནས་ཡང་དུ་འཚོ་བའི་སྙིང་བོ་བཤད་པས།ཁྱེད་དང་གྱེས་ཐེངས་རེ་ལ་ཁེར་རྐྱང་གི་དྲན་གདུང་དང་རེ་སྒུག་གིས་ཉིན་མཚན་བསྐྱལ།

    སྐབས་སྐབས་སུ། མེ་ལོང་ནང་དུ་བལྟས་ཀྱིན་བལྟས་ཀྱིན་རང་ངོ་རང་གི་མི་ཟིན་པའི་ངང་སྐྲག་དང་མྱ་ངན་ཞིག་ཀྱང་སྐྱེས། མི་ལ་ལས་“ཐོ་ཐོ་སྨྱོས་འདུག་”ཟེར་ཞིང་།ཡང་ལ་ལས“ཐོ་ཐོ་གྱུར་འདུག”ཟེར་སྲིད། གང་ལྟར།ཁ་ཁོག་པའི་མ་གསང་གློ་རྒྱུ་མའི་མ་སྐུངས་པར་སེམས་དང་སེམས་འདྲིས་པའི་སྙིང་གི་ཐ་སྙད་འདི་དྲན་ཐོར་བཀོད་རྗེས། ཉིན་མཚན་ལྭ་བ་བརྗེ་བརྗེ་དང་ལོ་ཟླ་ཕྲེང་རྡོག་འཕེན་འཕེན་གྱིས་ཁ་བགད་ནས་མྱི་ཚེ་ཟད་ཅིང་མགོ་གཡུག་ནས་ཅ་ལ་ཟད་པའི་གོ་རིམ་ཁྲོད།རང་ཡུལ་གྱི་དཀའ་སྡུག་དང་། བཀྲེས་སྐོམ། ནད་ཡམས། བླུན་རྨོངས་སོགས་ལ་ཁ་ཡ་མི་བྱེད་པའམ་གདུང་སེམས་མ་སྐྱེས་ན།འདམ་རྫོབ་འདིར་རྐང་བ་ཟུག་པའི་སྐྱི་གཡའ་བའི་འཇིག་རྟེན་གཞན་ཞིག་གོ།

འདི་ནི་གསོན་ཤུགས་འབར་བའི་ཚེ་སྲོག་ཆུང་ངུ་ཞིག་མི་ཡུལ་དུ་སླེབས་པའི་སྔོན་བརྡ་དང་།མི་ཡུལ་འཚོ་བ་ལ་བཅངས་བའི་ཞེན་ཆགས་ཀྱིས། སྐྱེ་བ་འདི་ལ། ཕ་མ་ཞེས་འབོད་མཁན་གྱི་བུ་ཆུང་འདི་ཤ་ཁྲག་ལས་ཀྱི་ཕུང་བོ་ལས་མཆེད། བླ་མས་བུ་ཆུང་ཕུ་བོའི་སྐྱེ་བ་རེད་ཟེར།རྩིས་པའི་མ་རེད་སྐྱེ་བ་གཞན་དུ་བླངས་ཡོད་གསུངས།ཨ་མས་རྨི་ལམ་རྐྱང་བའི་ཕུ་བོ་རེད་ཅེས་ཕུ་ཐག་གཅོད། ཅི་ཡིན་ཡང་། མིག་གི་འབྲས་ལྟར་གཅེས་པའི་ཟླ་བ་ཚེ་རིང་ནི་ངེད་གཉིས་ཀྱི་མི་ཚེའི་ཕྱེད་ཀར་གྱུར། ཞེན་ཆགས་ཀྱི་བཏབ་པའི་གསེར་ཆེན་མེ་ཏོག་རྩྭ་ཐང་གི་པང་ནས་སྐྱེས་ཤིང་རྩྭ་ཐང་གི་མཛེས་པ་ཁུ་བྱུག་གི་མགྲིན་དབྱངས་སུ་བསྒྲགས་པའི་གངས་འདབས་ཀྱི་ཞོགས་པར་ཚེས།

    ཕ་ཡུལ་དང་གྱེས་ནས་མི་ལོ་སུམ་ཅུ་ལྷག་འདས་སོང་། ཐོ་ཐོ་དང་མ་འཕྲད་པར་ཡང་ཏག་ཏག་མི་ལོ་སུམ་ཅུ་ལྷག་འདས་སོང་།གྲོང་ཁྱེར་གྱི་གློག་འོད་ཟ་ཟིའི་འོག་གི་མི་ཚོགས་ཕྱིར་བལྟས་ཙམ་ཡང་མེད་པར་མདུན་ནས་མདུན་དུ་བཞུད་བཞིན་མཆིས།ཐོ་ཐོ་ཁོ་ནས།ངའི་ཕ་ཡུལ་གྱི་དྲན་གདུང་ལ་ཕྱི་དྲན་བྱིན། ཐོ་ཐོ་ལགས། འགྲུལ་བཞུད་འདི་ཇི་འདྲའི་ཀྱག་ཀྱོག་ལྡན་ཡང་།ཁྱེད་རང་སྔར་བཞིན་ལམ་ལ་ཆས་དགོས། ཁྱེད་ལ་མགོ་ཁྱིམ་ཕུག་གི་ཐབ་ཀ་བཞིན་འཁོར་ན་དྲོད་དགོས་ལ།དྲིན་ཕ་མའི་དབྱུག་རྟེན་ལྟར་ཁེན་ན་སྲ་དགོས། སེམས་ཀྱི་བར་ཐག་ས་ལེ་བར་སྟོང་ཕྲག་ཅེས་བརྩི་རྒྱུ་དང་།ལོ་ཟླ་བ་བརྒྱ་ཕྲག་ཅེས་བགྲང་རྒྱུའང་མེད་པས། སྐབས་སྐབས་སུ་ངའི་ཁྱེད་རང་དྲན་ཡོང་། གཞུང་དྲང་གི་གསར་བུ་ཁྱེད་དྲན་ཡོང་། ཕ་མ་དང་ལྷན་དུ་མི་ཚེ་རླུང་ལ་བསྐུར་ཡང་འགྱོད་སྣང་ཙམ་མེད་པའི་གསར་བུ་ཁྱེད་ལ་གློ་བ་དགའ། གོ་ཐོས་སུ། ཁྱེད་ཀྱི་བུ་ཆུང་སློབ་མཐར་ཕྱིན་འདུག་ཟེར་བས། ངས་ཁྱེད་ལ་རི་བོའི་ཕ་རོལ་ནས་དར་དཀར་པོའི་ཁ་བཏགས་ཤིག་བསྐུར་བ་ཅིས་ཀྱང་དང་ལེན་མཛོད། ཕ་ཡུལ་གྱི་ཁ་བ་དཀར་པོ།


  • ལེ་ཚན་སྔོན་མ།:ཟླ་དྲུག་པར་གྱེས་པ།
  • ལེ་ཚན་རྗེས་མ།:ཁྱོད་རང་གླུ་གཞས་ལ་དགའ་བ་ནང་བཞིན།