རླུང་གིས་འདེད་པའི་ཚོར་བ།

གངས་ཆར།        2019-05-05

རླུང་གིས་འདེད་པའི་ཚོར་བ།

ཉི་ཟླ་གཉིས་སེམས་སུ་ཉར་ནས། །

རྒྱུ་འབྲས་ཀྱི་རྒྱ་མ་ཉོ་སྐབས། །

འཇིག་རྟེན་དུ་དྲག་རླུང་ལྡང་ནས། །

ཚོར་བ་འདི་དེ་ཙམ་མི་སྐྱིད། །

ཚོར་བ་འདི་རླུང་གིས་འདེད་བཞིན། །

དྲན་པ་འདི་ཁ་བས་གཡོགས་འདུག །

དབྱར་ཁ་འདིར་ཆར་སྒྲ་མི་འདུག །

མིག་ཆུ་ནི་སེམས་ཀྱི་སྐྱོ་ཚུལ། །

ལས་དབང་གི་ཐ་སྙད་སྐྱུར་མོར། །

བརྩེ་སེམས་ཀྱི་ཁ་བ་བབས་སོང་། །

ཉིན་མཚན་གྱི་འཁོར་ལོའི་གསེང་ནས། །

རི་ཀླུང་ཡང་མིག་ཆུ་ཤོར་འདུག །

ལས་དབང་ནི་བརྩེ་བ་རྡོག་གཅིག །

གནམ་ས་ཡི་བར་དུ་གནས་ཡོད། །

མེ་ཏོག་གི་དྲི་བསུང་ཁྱབ་པ། །

བརྩེ་སེམས་ཀྱི་མེ་ལྕེ་སྦར་དུས།

ཁ་བ་ཡི་བརྩེ་བ་རེག་བྱུང་། །

འཚོ་བ་ནི་རྒྱ་ལམ་འགྲུལ་པ། །

མི་ཚེ་ནི་དུས་ཀྱི་མགྲོན་པོ། །

མགྲོན་པོ་དང་མགྲོན་པོ་མི་འདྲ། །

མི་ཚེ་ནི་མགྲོན་ཁང་འདྲ་པོ། །

གཏན་འཇགས་སུ་སྡོད་དབང་མི་འདུག །

དབྱར་གྱི་ཆར་དགུན་གྱི་རླུང་བུ། །

རི་དང་ཀླུང་ལ་དང་མཚོ་ཆེན། །

རིམ་པ་ནས་རིམ་པར་བརྒལ་ཏེ། །

འཚོ་བ་ཡི་ལམ་དུ་བཞུད་སོང་། །

དཀའ་ངལ་གྱི་ལས་ལ་བརྩོན་སོང་།

ཉི་ཟླ་གཉིས་རྒས་པའི་ཤུལ་དུ། །

མཉམ་གཤིབས་ཀྱི་ལོ་ཟླ་དཀོན་ཡང་། །

བརྩེ་བ་ཡི་མེ་ཏོག་བཏབ་ཡོད། །

ཚོར་བ་འདི་རླུང་གིས་དེད་ཀྱང་། །

མ་འོངས་ནི་འོད་ཟེར་སྟོང་ལྡན། །

འཚོ་གནས་ཀྱི་ལམ་དུ་བཞུད་དུས། །

རྒྱུ་འབྲས་གཉིས་རྒྱ་མར་བཀྱག་རོགས། །



  • ལེ་ཚན་སྔོན་མ།:སྙན་ངག་མཚན་པ་གཉིས།
  • ལེ་ཚན་རྗེས་མ།:དགེ་འདུན་ཆོས་འཕེལ།