ངའི་སྐད་ཡིག་གི་ཕ་ས།

པད་མ།        2019-04-24

   རླབས་ཆེན་མི་བུ་ཐོན་མིས་མཛད་པའི་དབྱངས་གསལ་སོ་བཞིའི་གཞིས་ཁྱིམ་དག་མ།རྒྱལ་པོ་སྲོང་བཙན་སོགས་སྙན་གྲགས་ཀྱི་མི་བུ་གང་མང་གིས་རྔུལ་ཆུ་དང་ཟུངས་ཁྲག་ལས་གྲུབ་པའི་འཛམ་གླིང་གི་ཉི་མ་རི་བོ་གྲུ་འཛིན།ཁྱོད་ནི་རང་མི་རིགས་འདིའི་སྐད་ཡིག་དང་སྲོལ་རྒྱུན་གྱི་བདག་པོ་ཉག་གཅིག

   ཁྱོད་ཀྱི་གླེགས་བམ་གྱི་བར་གསེང་རེ་རེ་ན།བཞད་ཟིན་པའི་དཔའ་བོ་དང་དཔའ་མོ་སྟོང་གི་ངོ་མཚར་ལོ་རྒྱུས་ཉར་ཡོད།དེ་ལས་ཀྱང་།འཛམ་གླིང་གི་ཡང་རྩེ་རུ་སོན་པའི་རང་རིགས་ཀྱི་སྐད་ཡིག་འདིའི་ཚེ་སྲོག་གི་འཛིན་ཐག་ཕྲ་མོ།སྐད་ཡིག་ནི་མི་རིགས་ཡར་རྒྱས་ཀྱི་རྩ་བ་ཉག་གཅིག མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ནི་གསོན་ལག་རྒྱས་བྱེད་ཀྱི་རྣམ་ཤེས་གསོན་པོ།

   དེའི་ཕྱིར།ཁྱེད་ནི་རང་རིགས་ཀྱི་སྐད་ཡིག་འདིའི་དེད་དཔོན་ཆེན་མོ་སྟེ།དབྱངས་གསལ་སོ་བཞིའི་སྲོག་རྩ་ལ་འཇུ་བཞིན་པའི་མ་འོངས་རྒྱུད་འཛིན་པ་མང་པོ་ཞིག་གི་སེམས་གཏིང་གི་ཕུགས་འདུན་ཟབ་མོ།

   ངའི་སྐད་ཡིག་གི་ཕ་ས་རི་བོ་གྲུ་འཛིན།ཁྱོད་ནི་མེས་པོ་ཚོས་ཤུལ་དུ་བཞག་པའི་རྒྱུ་ནོར་དག་མ།ཁྱོད་ཀྱི་བཀའ་དྲིན་དང་རླབས་ཆེན་ཀྱི་མཛད་རྗེས་དག་ང་ཚོའི་སེམས་སུ་ནམ་ཡང་གསལ།

   ཁྱོད་ནི་ངའི་སེམས་ཁུང་གི་སྐད་ཡིག་གི་ཕ་ས་ཡིན།ངས་ནམ་ཡང་སྙན་མོའི་ངག་གི་འགྱུར་ཁུག་ཁྲོད་དུ་ཁྱོད་ཀྱི་ཟད་མཐའ་མེད་པའི་མཛད་རྗེས་གླུ་རུ་ལེན་ངེས།ངས་ནམ་ཡང་སྔོ་བསང་ནམ་མཁའི་དབྱིངས་ནས་ཁྱོད་ཀྱི་མཛད་རྗེས་ལ་བསྟོད་བསྔགས་བྱེད་ངེས་ཡིན།།

  • ལེ་ཚན་སྔོན་མ།:བཞུད་སོང་།
  • ལེ་ཚན་རྗེས་མ།:ཟླ་དྲུག་པར་གྱེས་པ།