དཀར་མཛེས་ཁུལ་གྱིས་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་སྐོར་གྱི་དྲི་བ་དྲིས་ལན།

        2019-04-22

གཅིག སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བྱེད་དགོས་དོན་ཅི་རེད་ཟེར་ན།

    ལན། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་ནི་དམངས་མི་སེར་གྱི་སྲོག་སྐྱོབ་པའི་དངུལ་ཡིན་ཞིང་ཆེད་དངུལ་ཆེད་སྤྱོད་ཀྱི་ངོ་བོ་ཡོད་པ་རེད། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་དེ་ཐང་ཟིན་བླ་མའི་སྐུ་ཤ་ལྟར་བརྩིས་ནས་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་ཀྱིས་མཐར་ཐུག་ཉེན་སྐྱོབ་ཏུ་ཞུགས་མཁན་ཚང་མའི་ཁེ་ཕན་ལ་གནོད་འཚེ་གཏང་ངེས་པ་རེད།སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་ཉེན་མེད་ཡོང་བར་སྲུང་སྐྱོང་བྱས་ཏེ་ཐེབས་རྩས་ཕན་ནུས་འདོན་ཐུབ་པ་བྱ་རྒྱུ་ནི་མི་ཚང་མ་ལ་འགན་འཁྲི་ཡོད། ཉེ་བའི་ལོ་འདི་ཚོའི་རིང་ལ། སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་མང་པོ་བྱུང་དང་འབྱུང་བཞིན་ཡོད་ཅིང་། ཐེབས་རྩའི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་བཟོས་པ་དང་རྒྱ་ཆེ་བའི་ཉེན་སྐྱོབ་ཏུ་ཞུགས་མཁན་ཚོའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་བྱ་དགོས་པ་རེད།

གཉིས། དམིགས་འཛུགས་སྨན་བཅོས་ལས་ཁུངས་དང་འབྲེལ་བའི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་གང་དག་ཐེར་འདོན་བྱེད་ཆོག་པ་རེད་ཟེར་ན།

    ལན། ༡. སྨན་བཅོས་ཞབས་ཞུ་རྫུན་མ་བཟོ་བ་དང་སྨན་བཅོས་ཡིག་ཆ་དང་འཛིན་ཡིག་རྫུན་མ་བཟོས་ནས་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་མཁན། ༢. ཉེན་སྐྱོབ་ཏུ་ཞུགས་མཁན་ལ་བཙོངས་འཛིན་རྫུན་མ་མཁོ་འདོན་བྱེད་མཁན། ༣.མི་སྒེར་གྱིས་སྤྲད་དགོས་པའི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་འགན་སྲུང་ཐེབས་རྩའི་འགྲོ་སོང་གི་ཁྱབ་ཁོངས་ནང་དུ་འགོད་མཁན། ༤. སྨན་བཅོས་ཉེན་སྐྱོབ་ཀྱི་ཁྱབ་ཁོངས་སུ་མི་གཏོགས་པའི་མི་སྣ་ལ་སྨན་བཅོས་ཉེན་སྐྱོབ་ཀྱི་ལྟ་རྟོག་ཡོད་པར་བྱེད་མཁན། ༥.དམིགས་འཛུགས་སྨན་བཅོས་ལས་ཁུངས་མིན་པར་དངུལ་བྱང་སྤྱོད་པ་དང་རྩིས་ཐོ་འགོད་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན། ༦. གཞན་གྱི་མིང་ཁྱེར་ནས་སྡོད་བཅོས་བྱེད་མཁན། ༧. སྨན་རྫས་དང་འཛད་རྫས། དངོས་རྫས། སྨན་བཅོས་རྣམ་གྲངས་བཅས་བརྗེ་རེས་བྱས་ཏེ་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་མཁན་བཅས་སོ།།

དཔེ་མཚོན་གྱོད་དོན་བཤད་ན། རྫོང་ག་གེ་མོའི་འཕྲོད་བསྟེན་ཁང་གིས་ཁྲིམས་འགལ་མི་སྣ་དང་མཉམ་འབྲེལ་བྱས་ནས་སྨན་བཅོས་ཉེན་སྐྱོབ་བྱང་བུ་བསྡུ་གསོག་བྱས་པ་དང་། བརྟག་བཅོས་རྫུན་མ་བཟོ་བ། སྨན་རྫས་སྟོང་མེད་བྲིས་པ། ཐོ་འགོད་རྫུན་མ་བཟོས་པས། དམིགས་འཛུགས་སྨན་བཅོས་ཉེན་སྐྱོབ་ས་ཚུགས་ཀྱི་འོས་ཐོབ་མེད་པར་བཟོས་པར་མ་ཟད།ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་བ་རེད།

གསུམ། དམིགས་འཛུགས་སྨན་རྫས་སིལ་འཚོང་ཁང་དང་འབྲེལ་བའི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་གང་དག་ཐེར་འདོན་བྱེད་ཆོག་པ་རེད་ཟེར་ན།

    ལན། ༡. སྨན་བཅོས་འགན་སྲུང་གི་ཐོབ་ཐང་དཔང་འཛིན་བརྐུས་ནས་སྤྱད་དེ་ཉེན་སྐྱོབ་ཏུ་ཞུགས་མཁན་མི་སྣར་ལག་དངུལ་རག་ཐབས་དང་ཡང་ན་བྱུག་རྫས་དང་འཚོ་བའི་ཉེར་སྤྱོད་དངོས་རྫས་སོགས་དངུལ་སྤྱོད་ཁྱབ་ཁོངས་མིན་པའི་དངོས་པོ་ཉོ་རུ་བཅུག་མཁན། ༢. ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣ་ལ་སྨན་རྫས་དང་འཛད་རྫས། དངོས་རྫས་སོགས་བརྗེས་ནས་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་མཁན། ༣. དམིགས་འཛུགས་སྨན་བཅོས་ལས་ཁུངས་མིན་པར་དངུལ་བྱང་སྤྱོད་པ་དང་རྩིས་ཐོ་འགོད་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན། ༤. ཉེན་སྐྱོབ་ཏུ་ཞུགས་པའི་མི་སྣར་བཙོངས་འཛིན་བྲིས་པ་དང་བཙོངས་འཛིན་རྫུན་མ་བཟོ་མཁན།དཔེ་མཚོན་གྱོད་དོན་བཤད་ན། རྒྱུད་འབྲེལ་སྨན་རྫས་འཚོང་ཁང་ག་གེ་མོས་འཛད་སྤྱོད་པར་འབྲས་དང་གྲོ་རྩམ། བཟའ་སྣུམ་སོགས་འཚོ་བའི་དངོས་རྫས་དང་བྱུག་རྫས་ཉོ་བར་སྨན་བཅོས་ཉེན་སྐྱོབ་ཀྱི་དངུལ་བྱང་སྤྱད་དེ་བསྡོམས་རྩིས་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱས་པས། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བྱེད་པ་དང་སྦྲགས་ལྡབ་ལྔ་ཡི་དངུལ་ཆད་བཅད་པ་རེད།

བཞི། སྨན་བཅོས་ཉེན་སྐྱོབ་ཁྲོད་དུ་ཞུགས་མཁན་དང་འབྲེལ་བའི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་གང་དག་ཐེར་འདོན་བྱེད་ཆོག་པ་རེད་ཟེར་ན།

    ལན། ༡. སྨན་བཅོས་ཞབས་ཞུའི་དཔང་འཛིན་རྫུན་མ་བཟོས་ནས་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ལེན་བྱེད་མཁན། ༢. རང་གི་སྨན་བཅོས་འགན་སྲུང་དཔང་འཛིན་མི་གཞན་ལ་གཡར་ནས་སྨན་བཅོས་བྱེད་དུ་བཅུག་པ་དང་ཡང་ན་མི་གཞན་གྱི་སྨན་བཅོས་འགན་སྲུང་དཔང་འཛིན་ཁྱེར་ནས་མིང་བརྫུས་ཏེ་སྨན་བཅོས་བྱེད་མཁན། ༣. ཁྲིམས་དང་འགལ་བ་སྨན་བཅོས་འགན་སྲུང་ཐོབ་ཐང་དཔང་འཛིན་སྤྱད་དེ་སྨན་རྫས་དང་འཛད་རྫས་སོགས་རག་ཐབས་བྱས་ནས་བར་ཉོ་བར་འཚོང་བྱས་ཏེ་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱེད་མཁན།དཔེ་མཚོན་གྱོད་དོན་བཤད་ན། རྫོང་ག་གེ་མོའི་ཉེན་སྐྱོབ་ཏུ་ཞུགས་མཁན་ག་གེ་མོས་བཙོངས་འཛིན་བཙོང་མཁན་གྱི་ལག་ཏུ་སྡོད་བཅོས་བཙོངས་འཛིན་རྫུན་མ་ཉོས་ཏེ་ཕྱིར་ཉེན་སྐྱོབ་ཞུགས་ཡུལ་དུ་ལོག་ནས་རྩིས་ཞུ་བྱས་པས། མགོ་བསྐོར་གཡོ་ལེན་བྱེད་པའི་གྱོད་གཞིར་བརྩིས་ནས་ཁྲིམས་ལྟར་ཆད་གཅོད་བྱས་པ་རེད།གྲོང་ཁྱེར་ག་གེ་མོའི་ཡུལ་ཤོག་ག་གེ་མོའི་གྲོང་པ་ག་གེ་མོས་རང་གི་སྡེ་བའི་དབུལ་ཕོངས་མི་སྣ་ག་གེ་མོའི་ཐོབ་ཐང་བརྫུས་ནས་སྡོད་བཅོས་བྱས་ཏེ་སྨན་བཅོས་འགན་སྲུང་གི་ཐེབས་རྩ་གཡོ་ལེན་བྱས་པས། ད་ལྟ་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ཚར་བ་རེད།

ལྔ། སྨན་བཅོས་འགན་སྲུང་སྒྲུབ་གཉེར་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་དང་ འབྲེལ་བའི་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་གང་དག་ཐེར་འདོན་བྱེད་ཆོག་པ་རེད་ཟེར་ན།

    ལན། ༡. སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་མི་གཏོགས་པའི་མི་སྣར་སྨན་བཅོས་ཉེན་སྐྱོབ་ཀྱི་ལྟ་རྟོག་འགྲོ་ལུགས་སྒྲུབ་རོགས་བྱེད་མཁན། ༢.གཏན་འབེབས་དང་འགལ་ནས་སྨན་བཅོས་ཉེན་སྐྱོབ་ཀྱི་འགྲོ་སོང་གཏོང་མཁན།

དྲུག ཐེར་འདོན་བྱེད་ཐབས་གང་དག་ཡོད་པ་རེད་ཟེར་ན།

    ལན། ཐེར་འདོན་བྱེད་ཐབས་གཉིས་ལས་གཅིག་གདམ་ཆོག་པ་རེད། ༡. དངོས་མིང་གིས་ཐེར་འདོན་བྱས་པ་སྟེ། ཐོབ་ཐང་བདེན་པ་དང་འབྲེལ་གཏུག་བྱེད་སྟངས་བདེན་པ་གོ་ཆོད་མཁོ་འདོན་བྱེད་པའི་ཉེས་སྐྱོན་ཐེར་འདོན་བྱ་སྤྱོད་ལ་ཟེར་བ་རེད། ༢.མིང་གསང་ནས་ཐེར་འདོན་བྱས་པ་སྟེ། ཐོབ་ཐང་བདེན་པ་མཁོ་འདོན་མི་བྱེད་པའི་ཐེར་འདོན་བྱ་སྤྱོད་ལ་ཟེར་ཞིང། དཔེར་ན་ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་བྱ་དགའ་ཐོབ་པའི་ཆེད་དུ་ཐབས་ལམ་གཞན་དག་བརྒྱུད་དེ་དེའི་ཐོབ་ཐང་ཆ་འཕྲིན་དང་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱེད་པ་དང་། སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཐོབ་ཐང་གཏན་འཁེལ་བྱས་རྗེས་ཐེར་འདོན་བྱ་དགའ་སྤྲད་ཆོག་པ་རེད།

བདུན། ཐེར་འདོན་བྱེད་སྟངས་གང་དག་ཡོད་པ་རེད་ཟེར་ན།

    ལན། ༡. དཀར་མཛེས་ཁུལ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་ཉེན་སྐྱོབ་ཐེབས་རྩ་གཡོ་ཁྲམ་དང་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ཆེད་དོན་རྡུང་རྡེག་བྱེད་པའི་ཐེར་འདོན་གྱོད་གཏུག་ཁ་པར་རྒྱག་ཆོག་པ་དང་ཡང་ན་རྫོང་དང་གྲོང་ཁྱེར་སོ་སོའི་ཐེར་འདོན་གྱོད་གཏུག་ཁ་པར་རྒྱག་ཆོག་པ་རེད། ༢. ཐེར་འདོན་ཡི་གེ་བྲིས་པ་དང་འབྲེལ་ཡོད་ཀྱི་ཡིག་ཐོག་ཡིག་ཆ་དཀར་མཛེས་ཁུལ་སྨན་བཅོས་འགན་སྲུང་ཅུས་དང་ཡང་ན་རྫོང་དང་གྲོང་ཁྱེར་སོ་སོའི་སྨན་བཅོས་འགན་སྲུང་ཅུས་ལ་བསྐུར་ཆོག་པ་རེད།

  • ལེ་ཚན་སྔོན་མ།:བྲག་མགོ་བོད་ཡིག་སློབ་འབྲིང་གིས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ཐེབས་རྩ་གཡོ་ལེན་ལ་རྡུང་རྡེག་བཏང་ནས་ཐེབས་རྩ་ཉེན་མེད་ཡོང་བའི་སྐོར་གྱི་གྲོས་འདོན་ཡི་གེ།
  • དོ་སྣང་ཆེ་བའི་རྩོམ།