​ཨ་མ། ངས་རང་ཡུལ་དུ་ལུས་པའི་སྒྲོལ་མ་ལྗང་མོ།

        2019-04-19

ཨ་མ་ལགས།

ང་རང་ཁྱེད་ཀྱི་བྱམས་འོག་ཏུ་ཚུད་པ་ནས་བཟུང་།

ངས་ཐབ་ཚང་གི་ཕྱི་ནང་དང་མི་ཡུལ་གྱི་གནས་མལ་རེ་རེ་ནས།

ཁྱེད་རང་མཚོན་བྱེད་ཀྱི་ཡིག་འབྲུ་(ཨ་མ)གཉིས་པོ།

མགྲིན་པའི་མཁའ་དབྱིངས་སུ་ག་ལེར་གཏོར་མྱོང་།

མ་བུའི་ཞེ་འདང་གི་མུ་ཏིག་དཀར་པོ།

ནང་སེམས་ཀྱི་འོད་ཐིགས་སུ་འཚེར།

ཨ་མ་ལགས། བཞུད་སོང་བའི་ལོ་རྒྱུས་ཀྱི་ཁུག་པ་རེ་རེར།

ཁྱེད་ཀྱིས་བུ་ལ་གནང་བའི་གསུབ་བྲལ་གྱི་བཀའ་དྲིན་དང་།

ངའི་མི་ལོ་བཅུ་གསུམ་གྱི་གཏམ་རྒྱུད་སྤུངས་ཡོད།

ཨ་མ་ལགས།

ཁྱེད་རང་མཚོན་བྱེད་ཀྱི་ཡིག་འབྲུ་(ཨ་མ)གཉིས་པོ།

སྐྱོ་སྣང་གཟུགས་སུ་འདྲུལ་བའི་མཆི་མ་དྲོན་མོས་བརླན་འོང་།

དྲན་གདུང་མ་ཐེག་པའི་སྐད་ངག་གཉོམ་པོས་གསེད་ཡོང་།

བུ་ཆུང་གིས་འདི་ལྟར་དྲན་པ་ཁྱེད་ཀྱིས་ཤེས་སམ།

ཁྱེད་ནི་ངའི་བློས་བསླངས་དཀྱིལ་འཁོར་གྱི་དྭངས་མ་དེ་ཡིན།

ཨ་མ་ལགས། ངས་རང་ཉིད་ཀྱི་ཆེད་དུ།

གྱེས་བྲལ་གྱི་སེམས་གཅོང་མྱངས་ཞོར་ཁེར་རྐྱང་གི་ཉེེས་ཆད་ཁུར།

ཕྱིར་དྲན་གྱི་མིག་ཆུ་བར་ཐག་གི་སྐུད་པར་བསྟར་ནས།

ཆ་མི་མཉམ་པའི་མི་ཚོགས་ཀྱི་རྒྱུག་ལམ་མནན་ཏེ་རྒྱང་ལ་ཆས།

ཨ་མ་ལགས། སོང་སོང་བའི་མཐར།

ངས་དྲན་སླ་བ་དང་བརྗེད་དུ་མེད་པ་ནི།

ཆུས་འདྲེས་ཀྱི་ཁྱེད་ཀྱི་རྒྱབ་གཟུགས་དང་།

ངག་འཇམ་པའི་མ་སྐད་ཀྱི་དབྱངས་འགྲོས།

མཚམས་འདིར་བསླེབས་ཚེ་ང་ཡི་རྨི་ལམ་དུ་ཡང་ཡང་འཁོར་བྱུང་།

             ༼ ཐང་དཀར། ༽


  • ལེ་ཚན་སྔོན་མ།:དྲན་པའི་རྟ་ཁྱུ་ཞོགས་པ།
  • ལེ་ཚན་རྗེས་མ།:སློབ་གླིང་ལ་ཕུལ་བའི་ཀ་རྩོམ།