དབྱངས་ཅན་མ་ལ་བསྔགས་པ།

        2019-04-19

དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆུ་མཚོ་ཡི།།

འདབ་ལྡན་པད་མ་དཀར་པོའི་ལྟེ་བ་རུ།།

ཉ་གང་བཅོ་ལྔའི་ཟླ་བའི་གདན་སྟེང་དུ།།

ལེགས་བྱས་མཚན་དཔེས་སྤྲས་པའི་ལྷ་མོར་འདུད།།


གནག་སྣུམ་རལ་བ་སིལ་བུས་ལྟག་རྒྱབ་ཁེབས།།

རབ་དཀར་སྐུ་སྟོད་དར་གོས་སྔོན་པོ་མནབས།།

སྐུ་སྨད་འཇའ་ཚོན་སྣ་ལྔའི་ཤམ་ཐབས་བགོས།།

མགུལ་སྙན་རིན་ཆེན་བརྒྱན་པའི་ཡིད་འོང་མ།།


རབ་ཟླུམ་ནུ་འབུར་ཟུང་གཉིས་རབ་ཏུ་རྒྱས།།

བརྒྱད་གཉིས་དར་བབ་ལང་ཚོ་ལུས་ལ་རྫོགས།།

མཛེས་འཛུམ་སྒེག་པའི་ཉམས་ཀྱི་ཆགས་ཤ་ཅན།།

མཐོང་ན་དགའ་བ་འཕེལ་བའི་ཡིད་འཕྲོག་མ།།


སྟོང་དང་རྟེན་འབྱུང་ཆོས་ཉིད་ཟབ་མོའི་དོན།།

མ་གྱུར་འགྲོ་བའི་དོན་དུ་སྒྲ་དབྱངས་ལས།།

སྙན་འཇེབས་པི་ཝང་དཀྲོལ་བའི་དབྱངས་མཁན་མ།།

འགྱུར་མེད་དག་པའི་མཁའ་ལ་ལམ་མེ་གསལ།།


ཡེ་གདོད་བསྐལ་བ་དུ་མའི་ཕ་རོལ་ནས།།

མཉམ་ཉིད་བདེ་ཆེན་ལམ་དུ་བགྲོད་མཁས་པ།།

སྐྱེ་རྒུའི་རྨོངས་པའི་མུན་ཆེན་འཇོམས་པའི་མགོན།།

དབྱངས་ཅན་མ་ཁྱོད་ཀུན་གྱིས་ལྷང་ལྷང་འབོད།།


སྒྲིབ་མེད་མཁྱེན་པའི་ཆ་ཤས་རེ་རེས་ཀྱང་།།

སྲིད་ཞིའི་ཆོས་ཀྱི་གནས་ལུགས་རྗེན་པར་རྟོགས།།

དད་དམ་འདུན་པ་གཙང་མའི་ཡིད་ཁམས་ཅན།།

མ་ལུས་རྗེས་སུ་འཛིན་པའི་བློ་གཏེར་མ།།


མཐའ་ཡས་རླབས་ཕྲེང་རྩེན་པའི་མཚོ་འགྲམ་དང་།།

ལྷུན་བརྗིད་རི་དང་ཆུ་བོ་ནགས་ཚལ་དུ།།

སྙན་འཇེབས་རྒྱུད་མངས་སྒྲ་ལས་ཅི་ཡང་གིས།།

འགྲོ་བའི་རེ་འདོད་སྐོང་བའི་དབྱངས་ཅན་མ།།


རིག་བྱེད་མཆོག་གཙོ་མ་ལུས་སྐྱེད་པའི་ཡུམ།།

འཇོ་སྒེག་ལང་ཚོ་བྱམས་བརྩེ་ཤེས་རབ་སོགས།།

རྨད་བྱུང་ངོ་མཚར་འབུམ་གྱིས་རབ་ཕྱུག་པའི།།

སྲིད་ན་མི་གཅིག་ཟླ་བྲལ་ཚངས་སྲས་མ།།


དཀར་འཇམ་དྲང་བའི་སྐུ་ལུས་ཕྲ་ཞིང་ལྡེམ།།

སྙན་འཇེབས་མངའ་བའི་མགྲིན་པར་རོལ་མོ་འཁྲོལ།།

བྱམས་བརྩེས་ཕྱུག་པའི་ཐུགས་རྒྱུད་འགྲོ་ཁམས་ཁྱབ།།

ཨེ་མ་བློ་གཏེར་མ་ཁྱོད་སྐྱེ་རྒུའི་མིག །


མཐོང་ན་ཡིད་དབང་འཕྲོག་པའི་སྡུག་གུ་མ།།

དད་ན་འཕྲིན་ལས་མྱུར་བའི་རྗེས་འཛིན་མ།།

བསྟེན་ན་དངོས་གྲུབ་སྩོལ་བའི་འདོད་འཇོ་མ།།

མ་ཁྱོད་བདག་སྙིང་རིང་དུ་གནས་པར་མཛོད།།

               ༼  དུང་ཞེན་ཉི་མ། ༽


  • ལེ་ཚན་སྔོན་མ།:ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ།
  • ལེ་ཚན་རྗེས་མ།:འུ་གཉིས་བར་གྱི་ཚེ་རབས།
  • རྩོམ་གསར། 10