པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་བཅུ་པ་འགོ་ཚུགས་པ།

    མི་དམས་དྲ་བ།    2019-04-18

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་བཅུ་པ་དང་ཀྲུང་གོའི་མི་རིགས་གློག་བརྙན་གྱི་ལོ་70ཡི་དྲན་གསོའི་འགྲེམས་སྟོན་པེ་ཅིང་དུ་འགོ་ཚུགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་17དང་། མི་རིགས་18ཀྱི་གློག་བརྙན་པར་གཞི་46སྐབས་འདིའི་མི་རིགས་ཀྱི་གློག་བརྙན་འགྲེམས་སྟོན་ནང་ཚུད་པ་དང་བྱེད་སྒོ་དེ་ཟླ་4ཚེས་20ཉིན་བར་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ཀྱི་ནང་དོན་མཚོན་པའི་གློག་བརྙན་པར་གཞི་ཡིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་། མི་རིགས་ཁག་གི་མཐུན་སྒྲིལ་འབད་འཐབ་མངོན་པར་བྱེད་པའི་གློག་བརྙན་པར་གཞི་དེ་དག་འདི་ལོའི་གློག་བརྙན་འགྲེམས་སྟོན་གྱི་དོ་སྣང་བྱ་ཡུལ་ལ་གྱུར་ཡོད། དཔེར་ན། ཀོང་ཤིས་ཀྲོང་རིགས་ཀྱི་བརྗོད་དོན་གཙོ་བོར་བྱས་པའི་གློག་བརྙན《སླར་ཡང་ལོ་གཅིག་གི་གསུམ་པའི་ཚེས་གསུམ》ཞེས་པ་ལ་སོགས་ལས་རི་ཁུལ་མང་ཚོགས་ཀྱིས་ནུས་ཤུགས་མཉམ་དུ་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱས་པ་དང་། 
     《གསར་བརྗེའི་ལས་དབང》ཞེས་པའི་ནང་བོད་རིགས་མང་ཚོགས་ཚོས་དམར་དམག་འཐབ་འཛིང་པར་སྒེར་སེམས་མེད་པར་རོགས་རམ་བྱེད་ལུགས་དང་དེ་བཞིན་དམར་དམག་འཐབ་འཛིང་པ་ཚོའི་དད་སེམས་བརྟན་པོ་དང་བརྩོན་འགྲུས་ཆེ་བའི་དོན་གཉེར་བྱེད་ལུགས་གསོན་ཉམས་དོད་པོའི་སྒོ་ནས་མཚོན་པར་བྱས་ཡོད།
    པེ་ཅིང་མི་རིགས་གློག་བརྙན་འགྲེམས་སྟོན་སྐབས་བཅུ་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་བརྙན་པར་གཞི་དེ་དག་མ་གཞི་རིགས་འདྲ་གི་མེད་ནའང་། དེ་དག་ཚང་མའི་མཐོང་རྒྱ་གཞན་དང་མི་འདྲ་བ་དང། བརྗོད་དོན་གཙོ་བོ་ཁ་གསལ་བ། བཟོ་སྐྲུན་སྤུས་ལེགས་བཅས་ཡོད་པས། ལྟད་མོ་བ་ཚོས་མི་རིགས་མི་འདྲ་བའི་ཡུལ་སྲོལ་གོམས་གཤིས་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་འབད་འཐབ་ཀྱི་སྙིང་སྟོབས་ལ་ཡིད་དབང་འཕྲོག་རྒྱུར་སྣེ་ཁྲིད་ཐུབ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གི་བྱ་དགའ་ལྡན་པའི་རྩོམ་བསྡུའི་གསལ་བརྡ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།