འཕྲིན་ཡིག་བྱ་མ་རྟ།

ཀརྨ་འཕྲིན་ལས།        2019-04-17

དྲི་མེད་རྣམ་དཔྱོད་རིག་པའི་མེ་ལོང་ལ།།

བརྩོན་པ་གོས་ཀྱི་བྱི་དོར་ལེགས་བྱས་ནས།།

ཇི་སྙེད་ཤེས་བྱའི་སྣང་ངོར་ཡོད་དོ་ཅོག།

ཇི་བཞིན་གཟིགས་པའི་གྲོགས་ཀྱི་སྙན་དྲུང་དུ།།


རིག་པ་འབྱུང་བའི་ཚལ་གྱི་ལྡིང་ཁང་ནས།།

མཁྱེན་དཔྱོད་བློ་གྲོས་པད་མོ་ཡངས་པ་ལ།།

སྐྱེས་སྦྱངས་ཡོན་ཏན་གེ་སར་བཅུད་སྨིན་པའི།།

མེ་ཏོག་པད་མའི་ཟེར་འབྲུ་རྒྱས་ལགས་སམ།།


དྭངས་གཙང་རྙོག་བྲལ་གངས་ཀྱི་རི་བོ་ལས།།

སྙན་པའི་གཏམ་གྱི་ཁ་བའི་འདབ་མ་ཙམ།།

བསླུ་མེད་གྲོགས་མཆོག་སེམས་ཀྱི་ཞིང་ས་རུ།།

ལྷག་བསམ་བཟང་པོའི་ཚུལ་གྱིས་འབབ་པ་བྱ།།


སློབ་ལ་བརྩོན་པའི་དུས་བཟང་གནས་སྐབས་ཙམ།།

གཞུང་ལུགས་རྒྱ་མཚོའི་ཕར་མཐའ་མ་སོན་རུང་།།

ཆོས་ཀྱི་ཡོངས་སྙིང་གནས་ལུགས་ཕྲ་མོ་ཞིག།

ཤེས་རབ་བློ་ཡིས་ཅུང་ཙམ་རྟོགས་པ་མཛོད།།


ཁ་དོག་མཛེས་པའི་སེམས་དུག་རྩེ་རྣོ་བའི།།

བསླུ་དྲུད་མཁས་པའི་ཝ་མོའི་ཚུལ་གཟུགས་ཅན།།

དགོས་མེད་གྲོགས་ཀྱི་བློ་ཁ་བསྒྱུར་ཉན་པས།།

ནམ་ཡང་ཡིད་རྟོན་མི་རུང་དོགས་པ་འཚལ།།


མ་འོངས་གནས་འདིར་བསྟན་པ་སྤེལ་བའི་སླད།།

མདོ་སྔགས་ཀུན་གྱི་རིག་གཞུང་རྒྱ་མཚོ་ལ།།

བརྩོན་པ་གངས་ཀྱི་ཆུ་རྒྱུན་མ་ཆད་པར།།

ཤེས་རིག་དཔལ་གྱི་རྦ་རླབས་འཕྱོ་བར་ཤོག།


ཁ་རླང་ཁྲོས་པའི་ཁ་ཆུ་གཏོར་བ་ལ།།

དྲོད་ཁུང་བཙལ་ཏེ་ནང་ཉུལ་བྱེད་པའི་དུས།།

ཁྱེད་ལ་བྲིས་པའི་ཚིག་གི་རླབ་ཕྲེང་འདི།།

ལེགས་སྐྱེས་ཕུལ་བའི་སེམས་ཀྱི་རྣམ་དཀར་དགེ།


  • ལེ་ཚན་སྔོན་མ།:སྐྱབས་གཅིག་པ།
  • ལེ་ཚན་རྗེས་མ།:ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ།