སྐྱབས་གཅིག་པ།

ཀརྨ་འཕྲིན་ལས།        2019-04-17

འཆད་པའི་ཚངས་དབྱངས་འགྲིན་གླུ་སྙན་མོས་སྐྱེས་ཆེན་སྟོང་གི་སྙན་པ་བཀུག།

རྩོད་པའི་ཐལ་ངག་སྒྲོགས་ཐེངས་གཅིག་གིས་རྨོངས་པའི་མག་མོག་དྲུང་ནས་བསྙིལ།།

རྩོམ་པའི་དཔལ་ལ་རང་དབང་འབྱོར་བའི་གནས་ལྔ་རིག་པའི་དགོངས་པ་འགྲེལ།།

ཤེས་བྱའི་གྲངས་ལ་མཁྱེན་རྒྱ་ཡངས་པའི་སྐྱབས་གཅིག་སློབ་དཔོན་ཁྱེད་ལ་སྔགས།།


ལུས་ཀྱི་ཉམས་འགྱུར་སྟངས་སྟབས་རེ་རེས་ཚོར་སྣང་གསོན་པོ་གཏེར་ཐུབ་པའི།།

མཛེས་སྡུག་ལང་ཚོ་ལྟ་ན་སྡུག་པའི་གཞོན་ནུ་སྟོང་གི་འཛུམ་ལྡན་པ།།

སྐད་ངག་སྙན་མོས་འགྱུར་ཁུག་རེ་རེས་དགའ་སྐྱོའི་ཚོར་སྣང་ངམ་ཐུབ་པའི།།

སྒྱུར་རྩལ་སྣ་ཚོགས་སྐུ་ལ་མངའ་བའི་གཟི་རྗིད་ཅན་གྱི་སྐྱབས་གཅིག་པ།།


ཐུགས་བསྐྱེད་མཚན་དཔེའི་ལང་ཚོ་དར་བའི་གཞན་ཕན་བྱང་ཆུབ་སེམས་ཁོ་ནས།།

འགྲོ་ཀུན་སྲིད་པའི་རྒྱ་མཚོའི་ངོས་ནས་འཇིག་པ་སེལ་བ་འདྲེན་པའི་པ།།

རྒྱལ་བ་རྣམ་དང་མཛད་པ་མཚུངས་པའི་སེམས་ཅན་རྣམ་ཀྱི་མགོན་མཛད་པའི།།

མཛའ་དང་མི་མཛའ་བར་མ་ཡོངས་ལ་ཐུགས་རྗེ་རབ་ཏུ་སྙོམས་པ་བྱས།།


ཕྱི་རུ་ངུར་སྨིག་གོས་ཀྱིས་བཀླུབས་ཤིང་ནང་དུ་བསླབས་གསུམ་ཉམས་ལེན་ཕྱུགས།།

རྒྱལ་བའི་གསུང་ལ་བརྩོན་པ་བྱས་ཤིང་དོན་གྱི་རྣམ་པ་ཐུགས་ལ་འཁྲུངས།།

ཐབ་མཁས་ཡོན་ཏན་ལྷུན་གྱིས་རྫོགས་པའི་རྣམ་དཔྱོད་རིག་པའི་བློ་ལྡན་པ།།

དུས་རབས་འདི་ཡིས་སྒྲོན་མེ་རྐང་གཅིག་སྐྱབས་གཅིག་ཁྱེད་ཀྱིས་མགོན་སྐྱབས་མཛོད།།


  • ལེ་ཚན་སྔོན་མ།:སྐྱོ་བའི་དགུན་དུས།
  • ལེ་ཚན་རྗེས་མ།:འཕྲིན་ཡིག་བྱ་མ་རྟ།