ཇ་ལོ་ཆུང་ཆུང་ལ་བརྟེན་ནས་ཐོན་ལས་ཆེན་པོ་གཉེར་སྐྱོང་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-04-10

     རི་འགོར་སྔོ་ཐིང་ཐིང་གི་ཇ་ཤིང་དག་གྲ་སྟར་འགྲིག་པོའི་ངང་བཙུགས་ཏེ་ཇའི་དྲི་བཟང་ཡུལ་གྲུ་ཀུན་ཏུ་ཁྱབ་བཞིན་འདུག ཇ་ལོ་ལས་སྣོན་བྱེད་སར་དེང་རབས་ཀྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་བཟོས་པའི་ཇ་ལོ་ལ་བལྟས་ནས་གྲོང་མི་ཚོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་པ་འདི་ནི་སྨྱུག་འཛིན་པས་ལྕགས་ཟམ་རྫོང་གདན་ཐོག་གྲོང་རྡལ་ཙི་ཡ་ཁྲང་གྲོང་སྡེའི་ཇ་ཤིང་འདེབས་འཛུགས་བྱེད་སར་བཅར་འདྲི་བྱེད་དུ་འགྲོ་སྐབས་མཐོང་བའི་རྣམ་པ་རེད།

     ཁྲེང་ཏུའུ་གྲོང་ཁྱེར་ཕུའུ་ཅང་རྫོང་གི་བོད་སྐྱོར་ལས་སྒྲུབ་རུ་ཁག་གིས་རོགས་སྐྱོར་གཙོ་བོ་བྱས་པའི་གདན་ཐོག་གྲོང་རྡལ་ཙི་ཡ་ཁྲང་གྲོང་སྡེའི་ཇ་ཡི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་ཀར་ཐོག་མའི་གཞི་ཁྱོན་ཆགས་པར་མ་ཟད། ཇ་ལོ་འཐོག་སྐབས་དེང་རབས་ཀྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ལས་སྣོན་བྱས་རྗེས་ཕྱིར་འཚོང་བྱེད་པ་ནི་ཙི་ཡ་ཁྲང་གྲོང་སྡེའི་གཙོ་ཁྲིད་བྱེད་སའི་ཁྱད་ཆོས་ཐོན་ལས་སུ་གྱུར་ནས། དབུལ་ཐར་བྱུང་རྗེས་ཙི་ཡ་ཁྲང་གྲོང་སྡེའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་མ་ཟད་གྲོང་སྡེ་དེའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་བསྐྲུན་ཐུབ་པ་རེད།

     ཙི་ཡ་ཁྲང་གྲོང་སྡེ་ནི་གདན་ཐོག་གྲོང་རྡལ་ཀའོ་ཧྲན་ཚོ་ཆུང་གི་ཁོངས་སུ་གཏོགས་ལ་གདན་ཐོག་གྲོང་རྡལ་གྱི་སྲིད་གཞུང་དང་སྤྱི་ལེ20ཙམ་རྒྱང་བ་དང་མཚོ་འཕགས་སྨི1500ཡས་མས་ཡོད་པར་བརྟེན། ཇ་ཤིང་འདེབས་སའི་སྐྱེ་ཁམས་ཀྱི་དགེ་མཚན་མངོན་གསལ་ཡིན་ཞིང་། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ནས་ཇ་ཤིང་བཙུགས་ནས་ཇ་ལོའི་སྤུས་ཀ་ཡག་ཀྱང་འགྲིམ་འགྲུལ་དང་། ས་གཤིས། ལག་རྩལ་བཅས་ཀྱིས་ཤུགས་རྐྱེན་ཐེབས་ནས་ཇའི་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་དེ་ཙམ་མཐོན་པོ་མེད་པ་རེད།

ནུས་ལྡན་གྱིས་ཇའི་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་གཏང་ཆེད། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་དང་གཉེན་འཚོལ་རོགས་སྐྱོར་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས། གྲོང་སྡེའི་ཐུན་མོང་ལག་བཟོའི་ཇ་ལས་སྣོན་བྱེད་ས་བཙུགས་ནས་ཇ་ལས་སྣོན་བྱེད་པའི་གནད་དོན་ཐག་གཅོད་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཡོང་འབབ་འཕར་ཐུབ་པ་དང་། གཉེན་འཚོལ་རོགས་སྐྱོར་བྱེད་མཁན་སྡེ་ཚན་ཕུའུ་ཅང་རྫོང་ཁྲེང་ཅ་གྲོང་རྡལ་ཐུང་ཞིན་སྡེ་ཁུལ་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ནང་དུ་གདན་འདྲེན་དང་ཕྱིར་འགྲོ་བའི་བྱེད་ཐབས་སྤྱད་ནས་ཇ་ཤིང་འཛུགས་པ་དང་། ཇ་ཤིང་ལྡུམ་ར་དོ་དམ་དང་ལག་བཟོ་ཇ་ཡི་ལག་རྩལ་གསོ་སྦྱོང་བྱས་ནས་ཇ་ཤིང་འཛུགས་པ་དང་ཇ་ལོ་ལས་སྣོན་བྱེད་པའི་ཆུ་ཚད་ཇེ་དྲག་ཏུ་བཏང་བ་དང་ཆབས་ཅིག གྲོང་སྡེའི་ཨུ་ལྷན་གཉིས་དང་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པས་ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཡག་པོ་འཛིན་ནས་བཀོད་སྒྲིག་ཡག་པོ་བྱས་པ་དང་། ཕུའུ་ཅང་ཇ་ལོ་མཉམ་ལས་ཁང་དང་མཉམ་ལས་བྱེད་པའི་ཐབས་ཤེས་སྤྱད་ནས་ལག་བཟོའི་ཇ་ཕྱིར་འཚོང་བྱེད་སའི་ཐབས་ལམ་རྒྱ་སྐྱེད་བཏང་ཏེ། ཇ་ཤིང་འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང་བཅས་འབྲེལ་འདྲིས་བྱེད་པའི་ཐོན་ལས་སུ་ཆགས་ནས། ཇ་ཤིང་འདེབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བཏང་བ་རེད།

     ཙི་ཡ་ཁྲང་གྲོང་སྡེའི་ཇ་ལོའི་རང་བྱུང་དགེ་མཚན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཟུང་འབྲེལ་བྱས་ནས། ཕུའུ་ཅང་རྫོང་བོད་སྐྱོར་ལས་སྒྲུབ་རུ་ཁག་གིས་ཁ་གཏད་རོགས་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཅིང་།ཇ་ཤིང་སོན་སྨྱུག་གི་ཁ་གསབ་རོགས་དངུལ་དང་ལག་རྩལ་གསོ་སྦྱོང་། སྒྲིག་ཆས་མཁོ་སྤྲོད་བྱ་རྒྱུ་རོགས་རམ་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་གྲོང་སྡེའི་སྔར་ཡོད་ཇ་ལོའི་ལས་སྣོན་བཟོ་རྩལ་ལེགས་བཅོས་བྱས་ནས་ཙི་ཡ་ཁྲང་གྲོང་སྡེར་སྤུས་ཚད་མཐོ་བའི་ཇ་ལོ་ཐོན་སྐྱེད་བྱེད་ཐུབ་པ་བྱས། གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཐུའུ་ཆོན་གྱིས་སྔོན་མར་ཇ་ཤིང་འདེབས་འཛུགས་བྱེད་པར་ད་དུང་ཡིད་འཇོག་བྱ་དགོས་ས་མང་པོ་འདི་འདྲ་ཡོད་པ་ནི་གཏན་ནས་ཤེས་མ་བྱུང་། ད་ལྟར་ཕུའུ་ཅང་རྫོང་གིས་རིན་པ་མི་དགོས་ནས་ཇའི་ཤིང་ཕྲུག་འདོན་སྤྲོད་བྱེད་པར་མ་ཟད། ད་དུང་ཇའི་ཤིང་ཕྲུག་བར་གྱི་རྒྱང་ཐག་དང་སོན་སྨྱུག་གདམ་ག་རྒྱག་ཚུལ་སོགས་ཀྱི་ཤེས་བྱ་གསོ་སྦྱོང་བྱས་པ་རེད་ཅེས་བཤད།

     ཇ་ཤིང་ལྡུམ་རའི་ཁྲོད་ཀྱི་ཇ་ལོའི་སྐྱེ་འཕེལ་བཟང་བས་ལི་ཐུའུ་ཆོན་གྱི་སེམས་པ་རབ་ཏུ་སྐྱིད་བཞིན་གདའ། ཕུའུ་ཅང་རྫོང་གིས་ལག་རྩལ་དང་། ཐོན་ཁུངས། སྒྲིག་ཆས་སོགས་ཀྱི་ཐད་ལ་རོགས་རམ་བྱས་པ་ནས་བཟུང་། གྲོང་སྡེ་དེའི་ཇའི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ད་ལྟར་ཙི་ཡ་ཁྲང་གྲོང་སྡེར་ཇ་ཤིང་མུའུ400ལྷག་འདེབས་འཛུགས་བྱས་ནས། ལོ་རེར་ལས་སྣོན་བྱས་པའི་ཇ་ཡི་ཐོན་ཚད་ལོ་རེར་རྒྱ་མ400ནས500བར་ཡོད་པས་ཐོན་ཚད་རིན་ཐང་སྒོར་ཁྲི10ཡས་མས་ལ་ཟིན་པ་རེད།

ཕྱིན་ཆད་ཇའི་ཐོན་ལས་ཇི་ལྟར་འཕེལ་རྒྱས་གཏོང་ཚུལ་སྐོར་གླེང་སྐབས། ལི་ཐུའུ་ཆོན་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་པ་རེད། ཕུའུ་ཅང་རྫོང་གི་ཇ་ཤིང་འདེབས་འཛུགས་དང་དོ་དམ་བྱེད་ཚུལ་སོགས་ཕྱོགས་སོ་སོའི་རྒྱབ་སྐྱོར་ལ་བརྟེན་ནས། གྲོང་སྡེར་ཇ་ཤིང་འཛུགས་ཁྱོན་རྒྱ་སྐྱེད་བཏང་བར་མ་ཟད། སྤུས་ཚད་དང་གཏུམ་སྒྲིལ་བྱེད་སྟངས་ལེགས་བཅོས་བྱས་ཏེ་ཙི་ཡ་ཁྲང་ཇ་ཡི་ཁྱད་རྟགས་གྲགས་ཅན་འཛུགས་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་འདང་ངེས་བྱས་ཏེ་དཔྱིད་རྨོས་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:ཞིང་ལས་དངུལ་ཁང་དར་མདོ་ཡན་ལག་དངུལ་ཁང་གིས་ཀུན་ཕན་དངུལ་བུན་བཏང་ནས་མུའུ་ཁྲིའི་ནས་ནག་འདེབས་པར་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།