རང་ཁྱིམ།

མགར་ཐང་དཀར།        2019-04-03

    རང་ཁྱིམ་ནི་ནམ་མཁའ་དང་སྐར་ཚོགས་ཀྱི་ཀློང་ན་འཕྱོ་བའི་སྤྲིན་དཀར་གྱི་གུར་ཁྱིམ་དེ་ཡིན་ཞིང་། འཇའ་ཚོན་དང་དུ་སྤྲིན་གྱིས་གསོས་པའི་མཐའ་ཡས་པའི་རྒྱ་མཚོ་དེ་ཡིན་ལ། ད་དུང་ཚང་ཚིང་གི་ནགས་ལོ་འཁྲིགས་འདྲའི་འཇམ་ཐང་གི་འཚེར་ས་ཆུང་ཆུང་དེའང་ཡིན།

   རང་ཁྱིམ་ནི་དབྱར་གསུམ་གྱི་ཆར་བའི་བསླས་པའི་རྫ་ལུང་གི་གད་ཁུང་ཤོང་ཤོང་དེ་ཡིན་ཞིང་། བྲག་གསེབ་ལ་བརྫངས་བའི་རྡོ་ཆས་ཀྱི་རྩེད་ར་གྲུ་བཞི་དེ་ཡིན་ལ། ད་དུང་འབྲུ་བརྒྱའི་ཁུལ་རྩིད་ལས་འཁེལ་བའི་སྦྲ་ནག་གི་གཞིས་ཁྱིམ་དྲོད་མོ་དེའང་ཡིན།

   རྫ་སྟོད་ཀྱི་འབྲོང་གཡག་ཁེར་སྡོམ་ཞིག་གིས་རང་ཉིད་ཀྱི་གནས་མལ་ལ་ཕྱིར་མིག་ཐེངས་ཤིག་གིས་གསོས་ཏེ་བྲང་གཞུང་གི་ནེམ་ས་ནས་ངུར་སྒྲ་ཞིག་བྱིང་བྱིང་གིས་གཏོང་ཞོར། སྤང་གཞུང་གི་སྦྲ་ནག་བཞི་རྒྱོངས་དེའི་ལོ་རྒྱུས་མཐའ་དག་སྒྲུང་དུ་བཞེངས།

    དེ་དུས་སུ་ངས་རྩག་རྡུག་ཆར་ལ་བསེས་ཏེ་ལྗོངས་རྣམ་གྱི་རྟོགས་བརྗོད་འབྲི་དུས་རང་ཁྱིམ་ནི་སྔར་བཞིན་སྣུམ་ཞག་གེར་འདུག་ཅིང་། ཀེམ་ཀེམ་གྱི་འཛུམ་གར་གྱིས་རང་ཁྱིམ་གྱི་ཡོ་བྱད་མ་ལུས་རྟགས་བརྒྱད་ཀུན་འགྲིག་གི་གཟུགས་སུ་སྤྲས།

   ཀྱེ། ལྷས་འདབས་ཀྱི་ཉག་མ་ལས་འཁྲུངས་བའི་ཕ་གཞིས་སྙན་མོ་རེ་རེ་ནི་ངས་རང་ཁྱིམ་ལ་བཞག་པའི་ཁ་གཡང་གི་ཨ་ཡིག་སྙན་མོ་དེ་ཡིན་ཞིང་། དུས་བཞིའི་འགྱུར་བག་དང་བསྡོངས་པའི་ས་སྲོས་ཀྱི་དྲན་པ་རིང་མོ་དེ་ཡིན་ལགས། ད་དུང་ལོ་ཟླ་གཙང་བོ་བཞིན་རྒྱུག་པའི་ངོགས་སུ་ངས་རང་ཁྱིམ་ལ་བཀྲ་ཤིས་པའི་ཆོས་འཁོར་བསྐོར་བཞག

    སྟོན་རླུང་གི་ན་ཟླའི་སྐྲ་ལོ་གཟད་པའི་དེང་དུས། ངས་རང་ཁྱིམ་གྱི་རྫིག་རྫིག་གི་སྣང་བརྙན་གསོན་པོ་དེར་སྙན་ངག་གི་ཁྲ་རྒྱན་སྤྲས་ན་འདོད་ཀྱང་། བསྐྱི་སེར་རླུང་གི་བང་རིམ་ནས་ཐང་དཀར་རྒོད་པོའི་གཤོག་སྟེང་ལ་སྦྲ་ནག་གི་གདུང་མ་བྲི་འདོད།

   གནའ་ནས་བཟུང་ཡབ་མེས་ཀྱི་ཕྱག་ཟུང་སྙིང་ཁར་སྦྱར་ནས་རྟེན་འབྲེལ་གྱི་རང་ཁྱིམ་སྐྱིད་ཀྱིས་བསུས་མྱོང་ཞིང་། དཔའ་སྤོབས་ཀྱི་ཨོ་ཡིག་ཐོད་ལ་བྲིས་ཏེ་ཁམས་ཆེན་པོའི་རང་ཁྱིམ་འཛུམ་གྱིས་དཀྲོག་མྱོང་། དེ་ལས་ད་དུང་རང་ཁྱིམ་ནི་དེ་རིང་མཁའ་དབྱིངས་ཡིན་ཞིང་། སང་ཉིན་གྱི་བཀྲ་ཤིས་པའི་ཟིན་ཐོ་འབྲི་སའི་གནས་མལ་དེ་ཡང་ངོ་། །


  • ལེ་ཚན་སྔོན་མ།:ངའི་ཕ་ཡུལ་ན་མཆོད་རྟེན་མང་པོ་ཡོད།
  • ལེ་ཚན་རྗེས་མ།:ང་ཡི་ནམ་མཁའ། ང་ཡི་ས་གཞི།