དག་ཞིང་གི་ཕ་ལོར་འབོད་པ།

པདྨ་རྒྱལ་མཚན།        2019-03-27

   ཡབ་ཆེན་ལགས། བདག་གིས་ཁ་བ་བུ་ཡུག་གི་ཁྲོད་ནས། མདོ་གྲོང་ལ་ཅེར་ཡོད། འུ་ཚོ་འདུག་མྱོང་སའི་མདོ་གྲོང་ལ་ཅེར་ཡོད། དེ་ཡང་འདི་ལྟར་ཏེ། རི་གསུམ་གྱི་བར་དུ་གཙིར་གནོན་བྱས་པའི་མདོ་གྲོང་ལ། མཛའ་གཞས་དང་ཇ་ཚོང་གི་ལོ་རྒྱུས་ལྡན་པ་ཇི་བཞིན། བདག་ལའང་དར་མདོར་ཕྱིར་དྲན་ཡོད། མིག་ཆུ་ཡོད། ངུ་ངག་ཡོད། ལོ་རྒྱུས་ཡོད། མདོར་ན། ངས་མི་ཚེ་འདིར་དར་མདོ་བརྗེད་མི་སྲིད། ཉིན་མོའི་དྲན་པ་དང་། མཚན་མོའི་རྨི་ལམ། ཉིན་མཚན་བར་གྱི་སྟོང་བསམ། ཡོད་ཚད་ནས་ཡོད་ཚད། ཡོད་ཚད་ནས་ཡོད་ཚད་ང་དང་དར་མདོའི་བར་ནས་ནམ་ཡང་བོར་མ་མྱོང་ལ། གཏན་དུ་བོར་ཡང་ག་ལ་སྲིད། ཡབ་ཆེན་ལགས།

    དེ་ནི་ང་རང་དར་མདོ་ལ་དགའ་ཞིང་དར་མདོ་ལ་དུངས་དྲགས་པས་མ་ཡིན་པར། དར་མདོ་ནི། ཁོ་བོས་ཡབ་ཆེན་ཁྱེད་དང་མཉམ་དུ་ཆེས་མཐའ་མཇུག་གི་ཟས་ཐུན་གཅིག་རོལ་བའི་གནས་དེ་ཡིན།

    དར་མདོ་ནི། བདག་གི་ཡབ་ཆེན་ཁྱེད་ཀྱི་ལྷད་མ་འདྲིས་ཤིང་བཅོས་མ་མ་ཡིན་པའི་གསུང་སྐད་མཐའ་མ་ཐོས་སའི་གནས་དེ་ཡིན།

    དར་མདོ་ནི། བདག་གི་ཡབ་ཆེན་ཁྱེད་ཀྱི་བྱམས་བརྩེའི་ཞལ་རས་དང་གཏན་དུ་གྱེས་པའི་གནས་ཡིན།

    དར་མདོ་ནི། ང་རང་སྟོན་མཇུག་གི་སྡོང་ལོ་ཇི་བཞིན་སྐྱབས་གནས་དང་རེ་ས་བྲལ་བའི་དྭ་ཕྲུག་ཏུ་གྱུར་པའི་གནས་ཡིན།

    ངས་དར་མདོ་གཏན་དུ་མི་བརྗེད། ངས་དར་མདོ་ནམ་ཡང་བརྗེད་ག་ལ་སྲིད།

    ཡབ་ཆེན་ལགས། འདི་དག་དྲན་དུས་བུ་ཆུང་ངའི་སེམས་ནི་ལྷག་རླུང་དང་ཐལ་རྡུལ། དགུན་འཁྱགས་དང་ཁ་བ་བཅས་ཀྱི་ཡོལ་བ་ནག་པོས་དུས་གཅིག་ཏུ་བསྒྲིབས་ནས་འཇིག་རྟེན་གྱི་མཛེས་པ་དང་དགའ་བདེ་ཡོད་ཚད་ཀྱང་བདག་དང་གཏན་དུ་གྱེས་འགྲོ།

    ཡབ་ཆེན་ལགས། བདག་གིས་ནམ་རྒྱུན་དང་འདྲ་བར་དག་ཞིང་གི་ཁྱེད་རང་དྲན་གྱིན་ཡོད། ཡབ་ཆེན་ཁྱེད་རང་ཞིང་ཁམས་གང་ཞིག་ཏུ་བདེ་བར་གནས་སམ། ཁྱེད་ཀྱིས་བདག་གི་ཁེར་རྐྱང་གི་རྣམ་པར་མཐོང་བཞིན་ཡོད་དམ། བདག་གི་དྲན་གདུང་དང་མིག་ཆུ་མཐོང་བཞིན་ཨེ་ཡོད།

    ཡབ་ཆེན་ལགས། བདག་གིས་བསམ་ན་ཁྱེད་ཀྱིས་ཀྱང་དར་མདོ་བརྗེད་མི་སྲིད། ཚེ་ཐོག་འདིར་འུ་ཕ་བུ་བཞི་པོ་མཉམ་འཛོམས་ཀྱི་ཐ་མ་དེ་དར་མདོ་ནས་བྱས་པ་བརྗེད་མི་སྲིད། འུ་ཕ་བུ་བཞི་པོ་མཉམ་འཛོམས་ཀྱི་སྐལ་བ་གཏན་དུ་ཆད་པའི་གནས་དེ་དར་མདོ་ཡིན་པ་བརྗེད་མི་སྲིད། ཁྱེད་ཀྱིས་རང་གི་བུ་ཆུང་གི་འདོད་བློ་ལྟར་སློབ་གྲྭ་འདིར་བསྐྱལ་རྗེས། སློབ་གྲྭ་འདིས་བཞག་པའི་བག་ཆགས་ཤིག་གམ་སྣང་བརྙན་ཞིག་གིས་ཚེ་ཐོག་འདི་ནས་ཁྱེད་རང་ཐེངས་དང་པོ་བུ་ཆུང་གི་མ་འོངས་བར་བློ་བདེ་སོང་བ་ཡིན་པས། ཁྱེད་ཀྱིས་དར་མདོ་བརྗེད་མི་སྲིད། ཁྱེད་ཀྱིས་བུ་ཆུང་ནི་དེ་ལས་ཀྱང་བརྗེད་ག་ལ་སྲིད།

    ཡབ་ཆེན་ལགས། སྐྱེས་ནས་འཆི་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ངས་སྔར་ནས་ཤེས་ཡོད་མོད། འོན་ཀྱང་། ངས་ཆོས་ཉིད་དེའི་མིང་ཙམ་ལས་གནས་ལུགས་ངོ་མ་དང་ལེན་བྱེད་ཐབས་ཡེ་ནས་མི་འདུག་ཡ། ཡབ་ཆེན་ལགས། ཁྱེད་རང་བདག་དང་བྲལ་ནས་ཏག་ཏག་མི་ལོ་གཉིས་རེད། མི་ལོ་འདི་གཉིས་ཀྱི་རིང་ལ། ངས་སུས་ཀྱང་མི་མཐོང་བའི་གནས་ནས་མིག་ཆུས་གཙང་པོ་བསྐྱིལ་ཡོད། ངུ་ངག་གིས་རི་རབ་བསྒུལ་ཡོད།

    ཡབ་ཆེན་ལགས། དར་མདོར་མི་ལོ་འདི་གཉིས་ཀྱི་རིང་ལ་ཁ་བ་བབས་སོང་། བུ་ཡུག་འཚུབ་སོང་། འོན་ཀྱང་། ཁ་བ་དང་བུ་ཡུག་གི་རྗེས་སུ་སྤྲིན་དཀར་དང་གནམ་སྔོན་མཐོང་རྒྱུ་འདུག་ལ། རྩྭ་ལྗང་དང་མེ་ཏོག་ཀྱང་མཐོང་རྒྱུ་འདུག ཁྱེད་རང་བདག་དང་བྲལ་རྗེས་ནས་ངའི་སེམས་ཀྱི་ཁ་བ་ནི་ནམ་ཡང་ཞུ་རྒྱུ་མི་འདུག་ལ། ནམ་ཡང་གྲང་ཤུར་ཤུར་དུ་གནས། ཡབ་ཆེན་ཁྱེད་དང་བྲལ་བའི་དུས་དེ་ནས་ངའི་ནང་སེམས་ལ་དགུན་མ་གཏོགས་དབྱར་གཏན་ནས་ཚེས་མ་བྱུང་། ཁ་བ་འབབ་པ་ལས་མེ་ཏོག་གཏན་དུ་བཞད་མ་བྱུང་།

    ཡབ་ཆེན་ལགས། གལ་ཏེ་འཇིག་རྟེན་དུ་བདེ་སྐྱིད་ཅེས་པ་ཞིག་ཡོད་ན། ཕ་བུ་མཉམ་འཛོམས་ཀྱི་བདེ་སྐྱིད་ནི་ཆེས་མཆོག་ཏུ་གྱུར་པའི་བདེ་སྐྱིད་དེ་ཅི་ལ་མིན། རེད་དེ། ངས་ཡབ་ཆེན་ཁྱེད་དང་བྲལ་བའི་གདུང་བ་མ་མྱོང་བར་དུ་ཕ་བུ་མཉམ་འཛོམས་ཀྱི་རིན་ཐང་མ་ངེས། ཕ་བུ་མཉམ་འཛོམས་ཀྱི་བདེ་སྐྱིད་མ་ཤེས།

    ཡབ་ཆེན་ལགས། ད་ནི་ངས་ཡོད་ཚད་ཤེས་སོང་། ངས་ཡོད་ཚད་ཤེས་དུས་ཡོད་ཚད་འཕྱིས་འདུག ཡོད་ཚད་ཕྱིས་དྲགས་འདུག་ཡ།

  • ལེ་ཚན་སྔོན་མ།:སྤང་རྒྱབ་ཐང་ཤིང་།
  • ལེ་ཚན་རྗེས་མ།:མཚན་མོ་ཞིག་གི་མགྱོགས་བྲིས།