གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།

        2019-03-26

     འབའ་ཐང་ནི་སི་ཁྲོན་དང་བོད་ལྗོངས། ཡུན་ནན་བཅས་ཀྱི་འགག་མདོར་ཆགས་པའི་ཤར་ལྷོ་ནུབ་བྱང་གང་རུང་དུ་འགྲོ་བདེ་བའི་ཡུལ་གྲུ་ཞིག་ཡིན་པ་རེད། འབྲི་ཆུའི་ངོགས་གཉིས་སུ་ལྗང་མདོག་ཡོངས་སུ་ཁེབས་པར་མཚོ་བོད་མཐོ་སྒང་གི་བརྗིད་ཆགས་གངས་རི་ཡིས་མཛེས་ཆས་སྤྲས། སྤྱི་ལེ་གྲུ་བཞི་མ་བདུན་སྟོང་བརྒྱད་བརྒྱ་ཡོད་པའི་ས་ཕྱོགས་ཀུན་ཏུ་རྩི་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་དྲི་ངད་རབ་ཏུ་འཐུལ། མི་དམངས་བཞི་ཁྲི་ལྔ་སྟོང་གིས་ལས་ལ་བརྩོན་ཞིང་བདེ་སྐྱིད་བསྐྲུན། གནའ་བོའི་ཇ་འདྲེན་བརྡལ་ལམ་གྱི་རྟའི་རྨིག་སྒྲ་ལས་ཡུན་རིང་གི་ལོ་རྒྱུས་རང་ཤུགས་སུ་གྲགས། འབའ་གཞས་ཁྲོམ་ལམ་གྱི་རྣམ་པ་གསར་རྙིང་ལས་གྲོང་ཁྱེར་གྱི་འཕོ་འགྱུར་མཚོན། མཛེས་པའི་ཡུལ་ལྗོངས་ལ་བལྟས་ནས་འབའ་ཐང་དུ་སླེབས་པར་ཡིད་སྨོན་བྱེད། རིག་གནས་ཐད་ནས་བཤད་ན་སློབ་གསོའི་དཔེ་ཀློག་ཁུལ་དུ་དཔེ་ཆ་ཀློག་སྒྲའི་སྐད་གསང་སྙན། ཆུ་ཐིགས་བསགས་ནས་རྒྱ་མཚོར་གྱུར་ཞེས་པའི་དཔེ་ལྟར། སློབ་མ་ཚོས་བརྩོན་པ་ལྷུར་ལེན་བྱས་ཏེ་གཡུར་ཟའི་སྦྱངས་འབྲས་ཐོབ་པར་འབད་བརྩོན་བྱེད། དབུལ་སྐྱོར་གནད་སྨིན་བྱས་ནས་ལྷའི་ཞིང་ཁམས་ཀྱི་དཔལ་ལ་འགྲན་པའི་བདེ་སྐྱིད་འཚོ་བ་སྐྱོང་།ཐོན་ལས་དར་སྤེལ་བཏང་ནས་མི་དམངས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་འཚོལ། མཐོ་སྒང་གི་དྲོ་སྐྱིད་ལྡན་པའི་ཡུལ་ལྗོངས་དེའི་སྙན་པའི་གྲགས་པ་ཁྱབ་པ་དང་སྒྲ་སྙན་གྱི་རོལ་དབྱངས་དང་བསྡེབས་པའི་ཞབས་བྲོའི་ཕ་སའི་མཚན་སྙན་ཡོངས་སུ་གྲགས།

བྱ་ཁྱུང་གིས་ནམ་འཕང་གཅོད་འདྲའི་འཕེལ་ཁ་དར་བའི་མཐོ་སྒང་གི་གྲོང་ཁྱེར་ཞིག

  གནའ་བོའི་ཇ་འདྲེན་ཁྲོམ་ལམ་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་།འབའ་གཞས་ཁྲོམ་ལམ་དུ་རིམ་བཞིན་དེང་རབས་ཀྱི་དར་སྲོལ་གསར་པ་ཆགས།  ཀྲུང་ཧྲན་ཐང་ཆེན་དུ་འབའ་གཞས་འཁྲབ་པའི་སྒེག་ཉམས་མཛེས།རྐང་ལམ་ཕྲ་མོར་དེང་རབས་ཀྱི་ཞབས་བྲོའི་སྟངས་སྟབས་ཀྱིས་ཕྱུག  ཁྱད་ཆོས་ལྡན་པའི་བོད་པའི་སྡོད་ཁང་དུ་མར་མེའི་འོད་ཆེམ་ཆེམ།ཐོག་བརྩེགས་ཁང་ཆེན་དུ་རྒྱས་སྤྲས་གློག་ཞུའི་འོད་མདངས་རབ་ཏུ་གསལ།

 འབའ་ཐང་དུ་ལོ་རྒྱུས་ཀྱི་རྗེས་ཤུལ་རྙེད་ཆོག་ལ།དེང་རབས་ཀྱི་ཉམས་འགྱུར་ཡང་མཐོང་ངོས་སུ་གྱུར་པའི་ཁྱད་མཚར་གྱི་མྱོང་ཚོར་ཞིག་སྐྱེས་སྲིད་པ་རེད།

 

གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།

   དཀར་མཛེས་ཁུལ་གྱི་ལྷོ་ཕྱོགས་སྒོ་ཆེན་ཡིན་པའི་འབའ་ཐང་ནི་ངོ་མཚར་ལྡན་པའི་གྲོང་ཁྱེར་ཞིག་ཡིན།ས་བབ་ཀྱི་ཆགས་ཚུལ་དེ་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་གཤོག་རྩལ་ངོམས་ནས་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་པའི་སྟངས་སྟབས་དང་ཀུན་ནས་མཚུངས་སྟབས་བྱ་ཁྱུང་གྲོང་སྡེ་ཞིས་པའི་མིང་འདི་བཏགས་པ་རེད།གནམ་གཤིས་དྲོན་མོ་ཡིན་སྟབས་མཐོ་སྒང་གི་གཙང་ལྷོ་ཡུལ་གྲུ་ཞེས་མཚན་སྙན་ཐོབ་ཡོད། ཁྱད་ཆོས་ཕུན་སུམ་ཚོགས་པའི་འབའ་ཐང་གི་ཞབས་བྲོ་དར་བས་ཀྲུང་གོའི་ཞབས་བྲོའི་ཆོལ་ཁ་འབའ་ཐང་ཞེས་པའི་མཚན་སྙན་ཡོད་པ་རེད།  དམག་དཔུང་བཅོ་བརྒྱད་པ་བོད་ཏུ་ཕྱིན་སྐབས་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་སྟབས་བོད་སྡེའི་གསར་བརྗེའི་གནས་གཞི་ཞེས་པའི་མཚན་སྙན་ཡང་ཡོད་པ་རེད།

   འབའ་ཐང་དུ་འཆམ་འཆམ་དུ་འགྲོ་སྐབས་ཀྱག་ཀྱོག་གི་ཆུ་ཡུར་དང་།ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན། རྐྱལ་རྩེད་བྱེད་བཞིན་པའི་ཉ་ཁྱུ། ཚོང་ཁང་དུ་ཚོང་མགྲོན་མང་ཞིང་ཁྲོམ་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ལམ་འགྲོ་བ་ནི་ཆུ་རྒྱུན་ནང་བཞིན་རེད། དགོང་མོར་གསལ་ལ་མཛེས་པའི་རྒྱན་སྤྲས་གློག་ཞུ་བསྒྲོན་ཏེ་མཛེས་སྡུག་གི་རྣམ་པ་རབ་ཏུ་མངོན།

  ད་ལྟའི་འབའ་ཐང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལོ་ངོ40ཡི་རིང་གི་འགྱུར་ལྡོག་དེ་རྩ་བ་ནས་བཤད་ཤེས་པ་མ་རེད་ཅེས་འབའ་ཐང་རྫོང་གི་སྔོན་མའི་རྫོང་དཔོན་གཞོན་པ་སྐལ་དབང་གིས་ཧ་ལས་པའི་ངང་ནས་དེ་ལྟར་བཤད། ལོ་ན89ལ་སོན་པའི་སྐལ་དབང་ནི་རང་ས་རང་ཡུལ་དུ་སྐྱེས་པའི་མི་ཡིན་པས། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40ཡི་རིང་འབའ་ཐང་ནི་སྔར་དང་འགྲན་ཐབས་བྲལ་བ་རེད། རང་རོང་འབར་འབུར་གྱི་ས་རྡུལ་ལམ་ནས་ཡངས་ཤིང་ཁོད་སྙོམས་པའི་འགྱིག་སྣུམ་དང་ཨར་འདམ་བསྲེས་མ་བཏིང་བའི་ལམ་གཞི་ལ་གྱུར་ཅིང་། གསལ་ལ་མི་གསལ་བའི་དམའ་གནོན་ལམ་སྒྲོན་ཆུང་ཆུང་ནས་ད་ལྟའི་མཛེས་ཤིང་གསལ་ཆ་ལྡན་པའི་མེ་ཏོག་པད་པའི་བཟོ་དབྱིབས་ལྟ་བུའི་ལམ་སྒྲོན་དུ་གྱུར། དམའ་ལ་རྙིང་རལ་དུ་གྱུར་པའི་བོད་པའི་སྡོད་ཁང་ནས་ཐོག་བརྩེགས་ཁང་ཆེན་ལ་གྱུར་པ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡོད་པའི་སྐལ་དབང་གིས་མྱོང་ཚོར་ཟབ་མོའི་ངང་ནས་དེ་ལྟར་བཤད།

 

གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།

   འབའ་ཐང་རྫོང་མཁར་གྱི་འགྱུར་ལྡོག་སྐོར་བཤད་ན། སྐལ་དབང་ལ་འགྲིམ་འགྲུལ་སྐོར་མྱོང་ཚོར་ཆེས་ཟབ་མོ་ཡོད་པ་རེད། སྤྱི་ལོ1978ལོའི་སྔོན་དུ་ང་ཚོས་ལས་དོན་སྒྲུབ་སྐབས་དུས་ཚོད་ཕལ་ཆེར་འགྲོ་འོང་གི་ལམ་བར་འགོར་འགྲོ་བ་རེད། སྐབས་དེར་ལམ་ཞན་པ་དང་རླངས་འཁོར་དེ་བས་ཉུང་བ་རེད། འབའ་ཐང་ནས་དར་མདོ་བར་རླངས་འཁོར་ཉིན3ལ་བཏང་ནས་འགྲོ་དགོས་ཀྱི་ཡོད་པ་རེད།

   སྐལ་དབང་གིས་ངོ་སྤྲོད་བྱས་དོན། རྒྱལ་སྲུང་གཞུང་ལམ318པ་འབའ་ཐང་གི་མངའ་ཁོངས་སུ་བརྒྱུད་པའི་གཞུང་ལམ་སྤྱི་ལེ157ཡོད། སྔོན་ཆད་དར་མདོར་འགྲོ་སྐབས་གངས་རི་དང་རྩྭ་ཐང་བརྒལ་ནས་འགྲོ་དགོས་པ་དང་། ལམ་ཐག་རིང་བར་མ་ཟད་ཧ་ཅང་འགྲོ་དཀའ་བ་རེད། རླངས་འཁོར་བསྡད་ན་ཉིན3འགོར་བ་དང་རྟ་བཞོན་ནས་འགྲོ་ན་ཟླ་བ1ཙམ་འགོར་བ་རེད། ད་ལྟར་རྒྱལ་སྲུང་གཞུང་ལམ318པ་རྒྱས་སྐྲུན་ཐེངས་གཉིས་ལ་བྱས་པར་བརྒྱུད། སྤོ་བསྐོར་ཤུལ་ཕུག་ལམ་དང་། ལྷག་ལ་རིའི་ཕུག་ལམ། གསེར་སྟེང་གི་ཕུག་ལམ་དང་པོ་དང་ཕུག་ལམ2པ་བཅས་སྔ་ཕྱིར་ཤར་གཏོང་ཐུབ་པས་ན། ལམ་ཐག་ཇེ་ཐུང་དུ་གཏོང་ཐུབ་པར་མ་ཟད་ཉེན་མེད་རང་བཞིན་སྔར་ནས་ཇེ་དྲག་ཏུ་ཕྱིན་ནས་ཆུ་ཚོད8ལས་མི་དགོས་པར་དར་མདོར་སླེབས་ཐུབ་པ་རེད།

  མིག་སྔར།རྫོང་གི་མངའ་ཁོངས་སུ་བརྒྱུད་པའི་རྒྱལ་སྲུང་གཞུང་ལམ318པ་དེ་རང་ཁུལ་གྱི་འགྲིམ་འགྲུལ་མ་ལག་ཁྲོད་ཀྱི་འཕྲེད་ཕྱོགས་འགྲིམ་འགྲུལ་གལ་ཆེན་ཞིག་ཡིན་ལ།འབའ་ཐང་དང་དཔལ་ཡུལ་བར་གྱི་གཞུང་ལམ། གྲུ་བ་ནང་ནས་ཚེའུ་བར་གྱི་གཞུང་ལམ།དེ་བཞིན་རྒྱལ་སྲུང་གཞུང་ལམ215པའང་རང་ཁུལ་གྱི་གལ་ཆེའི་འགྲིམ་འགྲུལ་གཞུང་ལམ་ཡིན་ཞིང་།འགྲིམ་འགྲུལ་ལེགས་བཅོས་གཏོང་བ་དང་བསྟུན་ནས་མ་འོངས་པར་འབའ་ཐང་ས་ཁོངས་ཀྱི་འགྲིམ་འགྲུལ་ཐད་ལ་དེ་བས་འཕེལ་རྒྱས་ཡོང་བ་ནི་མངོན་གསལ་ཡིན་པ་རེད།

   འབའ་ཐང་རྫོང་གི་འགྲིམ་འགྲུལ་སྐོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེས་སྐལ་དབང་ལ་ངོ་མཚར་ཆེན་པོ་སྐྱེས་སུ་བཅུགཡིན་ཡང་སྔར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཨ་བཀྲ་ལ་མཚོན་ན་རྫོང་མཁར་འཕེལ་རྒྱས་ཀྱི་མགྱོགས་ཚད་ནི་སྔོན་དཔག་བྱེད་མི་ཐུབ་པ་ཞིག་རེད།ཨ་བཀྲ་ཡིས་བསམ་ཡུལ་ལས་འདས་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

    བསམ་ཡུལ་ལས་འདས་པ་གཅིག་ནི་རྫོང་མཁར་གྱི་ཁྲོམ་ལམ་མགྱོགས་མྱུར་དུ་རྒྱ་བསྐྱེད་བཏང་ཡོད།1978ལོའི་ཡར་སྔོན་དུ་འབའ་ཐང་རྫོང་མཁར་དུ་གནའ་བོའི་ཇ་འདྲེན་ཚོང་ལམ་ཞེས་པའི་ཁྲོམ་ལམ་རྙིང་པ་ཞིག་མ་གཏོགས་མེད་པ་རེད།1988ལོར་སྔ་རྗེས་སུ་འབའ་གཞས་ཁྲོམ་ལམ་དང་ཁམས་བདེ་ཁྲོམ་ལམ་གཉིས་བསྐྲུན་ཡོད་ཅིང་།  སྐབས་དེར་ང་ཚོས་འབའ་གཞས་ཁྲོམ་ལམ་གྱི་ཞེང་ཚད་ལ་སྨི20བྱ་རྒྱུའི་ཚད་གཞི་ལྟར་བྱས་ནས་འཆར་འགོད་བྱས་ཡོད་ཀྱང་མི་མང་པོ་ཞིག་གིས་དགོས་པ་མི་འདུག   འདི་ནི་ས་གཞི་ཆུད་ཟོས་སུ་བཏང་བ་ལས་རྒྱུ་མཚན་གཞན་མི་འདུག་ཅེས་བཤད་མྱངས་བ་རེད།ཡིན་ཡང་དུས་ཚོད་ལོ་ཟླ་རིང་མོའི་ནང་དུ་མི་དང་རླངས་འཁོར་སོགས་ཇེ་མང་དུ་འགྲོ་བའི་གནས་ཚུལ་དང་བསྟུན་ནས་ཁ་ཞེང་ཆུང་བའི་ཁྲོམ་ལམ་འདིར་རྟག་པར་མི་དང་རླངས་འཁོར་སོགས་འཚང་ག་བྱས་ནས་འགྲོ་དགོས་པའི་གནས་ཚུལ་བྱུང་བ་རེད།

     བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས2015ལོར་འབའ་ཐང་རྫོང་མཁར་གྱི་སྲང་ལམ་ཧྲིལ་པོའི་བཀོད་པ་དེ་འཕྲེད་གཉིས་གཞུང་གསུམ་ལ་བྱས་པས་ཚད་ལྷོ་བྱང་དུ་བསྐྱོད་པའི་ལམ་བུ་གཙོ་བོ་གཉིས་དང་ཤར་ནུབ་ལ་བསྐྱོད་པའི་ཁྲོམ་གཞུང་ཆེན་པོ་གསུམ།དེ་མིན་སང་ལམ་ཆུང་ཆུང་བཅུ་བཅས་བསྐྲུན་ཡོད་པ་རེད།

   བསམ་ཡུལ་ལས་འདས་པ་གཉིས་ནི་རྫོང་མཁར་གྱི་བྱེད་ནུས་མགྱོགས་མྱུར་གོང་མཐོར་བཏང་ཡོད།2000ལོར་འབའ་ཐང་རྫོང་གིས་སྦུག་ལམ་ས་འོག་ཏུ་གཏོང་རྒྱུའི་ཇུས་འགོད་བྱས་ཡོད།སྦུག་ལམ་འདི་ཉུང་མཐའ་ཡང་ལོ20རིང་བེད་སྤྱོད་གཏོང་ཆོག་ཀྱང་ད་ལྟ་སྦུག་ལམ་དེ་དག་གིས་རྫོང་མཁར་གྱི་མི་ཁྲི3ཙམ་གྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པས་ད་ལོའི་ཚུན་དུ་འབའ་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་ཁུལ་ཡོངས་སུ་རྫོང་སྲིད་གཞུང་དང་མ་རྩ་ཕྱོགས་གཉིས་མཉམ་ལས་བྱེད་པའི་ལས་གཞི(PPP)ཐོག་མར་ལག་བསྟར་བྱས་ཏེ་རྫོང་མཁར་གྱི་གཞུང་ལམ་རྒྱ་སྐྱེད་བཏང་བ་དང་རྫོང་མཁར་གྱི་ཁྲོམ་གཞུང་གཡས་གཡོན་དུ་སྔོ་ལྗང་ཅན་དང་མཛེས་སྡུག་ཅན་སོགས་བྱས་ནས་རྫོང་མཁར་གྱི་རྣམ་པ་སྔར་ལས་ཡག་པོར་བྱས་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེ་སི་ཁྲོན་བོད་ཁུལ་ལ་མཚོན་ན་ཞིང་ཆེན་རིམ་པའིPPPདཔེ་སྟོན་མཛོད་ཁང་དུ་ཐོག་མར་འཛུགས་པ་དང་ལས་གྲྭ་དེའི་ནང་དུ་ཆར་ཆུ་དང་བཙོག་ཆུ།གློག་ཤུགས། འཕྲིན་གཏོང་དང་དེ་བཞིན་ལམ་སྒྲོན་སྒྲིག་སྦྱོར། སྔོ་ལྗང་ཅན་དུ་སྒྱུར་བ་སོགས་རིག་ནུས་འགྲིམ་འགྲུལ་སྒྲིག་བཀོད་ཚུད་ཡོད་པ་རེད།

    བསམ་ཡུལ་ལས་འདས་པ་གསུམ་ནི་ཚོང་ལས་དཔལ་འབྱོར་གྱི་འཕེལ་ཚད་མགྱོགས་བ།1977ལོར་རྫོང་ཡོངས་སུ་མཐུན་སྒྲིལ་མགྲོན་ཁང་ཞེས་པའི་མགྲོན་ཁང་གཅིག་ལས་ཡོད་པ་མ་རེད།ལོ་རབས90པའི་ནང་སྔར་བཞིན་རྫོང་མཁར་དུ་ཚོང་ཁང་ཉུང་ལ་མགྲོན་ཁང་ཉུང་བ་རེད།2000ལོའི་རྗེས་ནས་སྡོད་ཁང་ཁུལ་བསྒྱུར་བཀོད་བྱས་པ་དང་བསྟུན་ནས་ཚོང་ཁང་དང་མགྲོན་ཁང་སོགས་མང་པོ་སྤེལ་ཡོད་པས་ཚོང་ལས་ཐད་འཕེལ་རྒྱས་ཆེན་པོ་འགྲོ་ཡོད་པ་རེད།

  ཨ་བཀྲ་ཡིས་ང་ཚོར་འབའ་ཐང་རྫོང་མཁར་དེ་ཁྱུང་ཆེན་གྱི་གཟུགས་དབྱིབས་དང་འདྲ་བས་ཁྱུང་ཆེན་གྱིས་གཤོག་ཟུང་བརྐྱངས་ཏེ་ནམ་འཕང་གཅོད་ངེས་རེད་ཅེས་ཡིད་ཆེས་ཁེངས་པའི་ངང་ནས་དེ་ལྟར་བཤད་པ་རེད།

ཡུལ་མི་གནས་སྤོ་བྱས་ནས་བདེ་སྐྱིད་ཀྱི་ལྡུམ་ར་སྐྱོང་མཁན་གྱི་མི་རབས་ཤིག

 2018ལོའི་སྤྱི་ཟླ12པའི་ཚེས17ཉིན་གྱི་ཉིན་གུང་ཉི་འོད་དྲོད་ལྷང་ལྷང་འདི་འབའ་ཐང་རྫོང་གི་དབུལ་སྐྱོར་ཡུལ་མི་གནས་སྤོའི་གྲོང་གསར་སྟེ་རང་འཐག་སྟེང་རྒྱ་དབྱིངས་གྲོང་ཚོར་འཕྲོད་བཞིན་འདུག

  ལོ་ན63ལ་སོན་པའི་ངག་དབང་གིས་རང་རེའི་སྡོད་ཁང་གི་སྒོ་ཁར་ཞེང་ཚད་སྨི་གཅིག་ཡོད་པའི་ཨར་འདམ་ལམ་ཞིག་ལས་བཞིན་མཆིས། ཉིན་འདིར་ངག་དབང་ཚང་གཞན་ཡུལ་དུ་ཡུལ་མི་གནས་སྤོ་བྱས་ནས་་ཉིན17སོང་ཡོད་ཅིང་། ཁང་པའི་ཕྱི་ནང་ཚང་མ་ཧ་ལམ་བསྡུ་གསོག་བྱས་ཟིན་པ་རེད།

   དམངས་ཁྲོད་ཀྱི་གཏམ་དཔེ་ལ།   བསྡད་སའི་ཁང་པ་ཡོད་ན། སེམས་བག་ཕེབས་བྱས་ནས་སྡོད་ཆོག་ཅེས་པ་ལྟར།མི་སེར་ཚོས་དུས་ནམ་ཡིན་རུང་ཁང་པ་ནི་ལུས་ཆགས་ས་དང་སེམས་བརྟེན་ས་བྱེད་པ།  ད་ལྟར་རང་ཉིད་ཀྱི་ཁང་པ་ཡོད་པས་ངག་དབང་གི་ཡིད་དུ་སེམས་ཁྲལ་བྱ་མི་དགོས་ཤིང་།གཡོ་ཐབས་མེད་པའི་སྐྱིད་སྣང་གི་རྣམ་པ་དེ་རང་ཤུགས་ཀྱིས་ངག་དབང་གི་བཞིན་རས་སུ་མངོན་པ་རེད།

  ང་ད་ལྟར་ལོ་ན63ལ་སོན།  ལོ་བཅུ་ཕྲག་ཁ་ཤས་ལ་དབུལ་པོ་ཡིན་པས་ཁང་པའི་དོན་དག་ནི་དྲན་ཕོད་ཀྱང་མ་མྱོང་།   ད་ལྟར་གཞི་ཁྱོན་སྨི་གྲུ་བཞི་མ100ལྡན་པའི་ཐོག་བརྩེགས་གཉིས་ཀྱི་སྡོད་ཁང་གསར་པའི་ནང་སྤོས་ཐུབ་པ་བྱུང་བ་ནི་ཧ་ཅང་སེམས་འགུལ་ཐེབས་ཤིང་།  ང་རང་ཤི་ནའང་མིག་བཙུམ་ཐུབ་པ་རེད་ཅེས་བཤད་བཞིན་དུ་རང་ཉིད་ཀྱི་སྡོད་ཁང་གསར་པར་བལྟས་པ་དང་ཚོར་སྣང་ཟབ་མོ་མང་པོ་སྐྱེ་བ་རེད།

  གྲོང་ཚོ་གསར་པ་དང་།  སྡོད་ཁང་གསར་པ།  མཛེས་པའི་ལྡེབས་རིས།  ཡངས་ཤིང་ཁོད་སྙོམས་པའི་འགྱིག་སྣུམ་གཞུང་ལམ།  ཁམ་པོའི་མེ་ཏོག་གཟུགས་དབྱིབས་ཀྱི་ལམ་སྒྲོན་ལ་སོགས་པའི་རྨང་གཞི་སྒྲིག་ཆས་བསྐྲུན་ཡོད་པའི་རྣམ་པ་ནི་ངག་དབང་ནང་བཞིན་ཡུལ་མི་ཚོའི་དུས་ནམ་ཡང་རེ་འདུན་འཆང་བའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་རེད།རེ་འདུན་འདི་ནི་ཡུལ་མི་ཚོས་མ་དངུལ་སྒོར་ཁྲི་གཅིག་འགྲོ་གྲོན་བཏང་ནས་མངོན་འགྱུར་བྱུང་བ་རེད།

  བཟའ་གོས་འགྲོ་སྡོད་བཞིའི་ཐད་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་འཕོ་འགྱུར་ཆེན་པོ་བྱུང་བའི་ནང་ནས་འབའ་ཐང་རྫོང་གི་མི་སེར་ལ་མྱོང་ཚོར་ཆེས་ཆེར་བ་ནི་སྡོད་སའི་ཆ་རྐྱེན་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་རེད།  སྔོན་མ་མི་ཚང་མ་དབུལ་པོ་ཡིན་པས་གྱོན་རྒྱུ་ཉུང་བ་དང་བཟའ་རྒྱུ་ཞན་པ།  སྡོད་ཁང་ས་ཐབས་ཆག་ཡིན་པ་རེད།  རྗེས་སུ་ས་གནས་དེ་གའི་འཕེལ་རྒྱས་གཏོང་བའི་མྱུར་ཚད་མགྱོགས་པོ་བྱུང་བར་བརྒྱུད།འབའ་ཐང་རྫོང་གི་ཤང་དང་གྲོང་རྡལ་ལ་འཕོ་འགྱུར་ཡང་ཡང་བྱུང་བ།  མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོ་རུ་ཕྱིན་ཡོད་ཅེས་ངག་དབང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

 

གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།

   རྒྱ་དབྱིངས་ཤང་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཡའོ་མེན་གྱིས་ངོ་སྤྲོད་བྱས་དོན།   སྔོན་མའི་རྒྱ་དབྱིངས་ཤང་ནི་འབའ་ཐང་རྫོང་གི་ཆེས་མཐའ་འཁོབ་དང་དབུལ་ཕོངས་ཀྱི་ས་གནས་ཡིན་ཞིང་།རྫོང་ཡོངས་ཀྱི་ཧ་ཅང་རྗེས་ལུས་དང་དབུལ་ཕོངས་ཀྱི་ཤང་ཅིག་ཀྱང་ཡིན་པ་རེད། འབའ་ཐང་རྫོང་མཁར་དང་སྤྱི་ལེ120རྒྱང་བ། ཆ་སྙོམས་ཀྱི་མཚོ་འཕགས་སྨི4600ཡོད་པ་རེད།  ས་གནས་དེ་གའི་ས་གཤིས་ཞན་པ་དང་ཆུ་ཧ་ཅང་དཀོན་པོ་ཡིན་པས་འབྲུ་རིགས་ཀྱི་ཐོན་ཚད་ཧ་ཅང་དམའ་བ་རེད།  དེའི་ཐོག་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་།  རིག་གནས་དང་སློབ་གསོའི་བྱ་གཞག་ཧ་ཅང་རྗེས་ལུས་ཡིན་པ།ཐོན་སྐྱེད་དང་འཚོ་བའི་ཐད་དགོས་པའི་རྨང་གཞི་སྒྲིག་ཆས་གཞི་རྩའི་ཐོག་སྟོང་པ་ཡིན་ཞིང་།  རྒྱུན་དུ་དགོས་པའི་དངོས་རྫས་ཐམས་ཅད་སྒོ་ཕྱུགས་དང་མི་ལག་གིས་མཐོ་ཞིང་གཟར་བའི་འཕྲང་ལམ་དོག་པོའི་ཐོག་སྐྱེལ་འདྲེན་བྱ་དགོས་པར་བརྟེན།རི་བོ་མཐོན་པོའི་ཁྲོད་དུ་འཚོ་གནས་བྱེད་བཞིན་པའི་ཡུལ་མི་ཚོས་ཕྱི་རོལ་གྱི་འཇིག་རྟེན་དང་ཁ་བྲལ་བ་ནང་བཞིན་གྱི་འཚོ་བ་རོལ་དགོས་པ་རེད།  1996ལོའི་ལོ་མཇུག་ཏུ་སླེབས་དུས་ཤང་ཡོངས་ཀྱི་ཆ་སྙོམས་མི་རེར་ཐོབ་པའི་འབྲུ་རིགས་རྒྱ་མ210ཙམ་མེད་པ་དང་།  ཆ་སྙོམས་མི་རེར་ཡོང་འབབ་ཁེ་གཙང་སྒོར313ཙམ་མེད་པ་རེད།

   ངག་དབང་གིས་ཕྱི་དྲན་བྱས་ནས་བཤད་དོན། སྔོན་མའི་གྲོང་སྡེའི་ནང་གི་ཁང་པ་ཚང་མ་རྙིང་པ་རྙིང་རྐྱང་ཡིན་པ།གྱང་ལ་གས་སྲུབས་ཆེན་པོ་ཡོད་པས་ཁང་པའི་ནང་བསྡད་ནས་ཕྱི་ཕྱོགས་ཀྱི་མཛེས་ལྗོངས་ལྟ་ཆོག་པ་རེད། རྒྱ་དབྱིངས་གྲོང་སྡེ་ལ་ལོ་མང་པོའི་རིང་གློག་མེད་པ་དང་ས་ཞིང་ལ་དཀའ་ལས་བརྒྱབ་ནའང་ཡོང་འབབ་མང་པོ་ལོན་མེད་པས་ས་གནས་ཤིག་གི་ས་ཆུ་ཡིས་ས་གནས་དེ་གའི་མི་རྣམས་གསོ་མི་ཐུབ་པ་རེད།

   མང་ཚོགས་ཀྱི་སྡུག་བསྔལ་ནི་ཐོག་མཐའ་བར་གསུམ་དུ་ཏང་ཨུ་དང་སྲིད་གཞུང་གིས་ཆེས་སེམས་ཁྲལ་བྱེད་ས་ཡིན་ཞིང་།ཡུལ་མི་གནས་སྤོ་བྱ་རྒྱུའི་དོན་ཆེན་དེ་རྒྱ་དབྱིངས་ཤང་གི་ཡུལ་མི་ཚོས་ནམ་ཡང་རེ་འདུན་བཅངས་པའི་དོན་ཆེན་ཞིག་ཡིན་པར་བརྟེན།  2018ལོར་དངོས་གནས་ཀྱི་གོ་སྐབས་དང་འཕྲད་པ་རེད།

  2018ལོའི་སྤྱི་ཟླ5པའི་ཟླ་སྟོད་ལ།  འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དབུལ་སྐྱོར་གནད་སྨིན་གྱི་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱ་རྒྱུའི་སྲིད་ཇུས་དང་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཀྱིས་རོགས་སྐྱོར་བྱེད་པའི་ལས་སྟེགས་ལ་བརྟེན་ནས།  རྒྱ་དབྱིངས་གྲོང་སྡེ་ཧྲིལ་པོ་གནས་སྤོ་བྱེད་པའི་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་ཡོད།  དཀའ་སྤྱོད་འབད་བརྩོན་ཟླ་བ6བྱས་པར་བརྒྱུད། ལས་གྲྭ་སྤེལ་བའི་མ་དངུལ་ཉུང་བ་དང། གནས་སྤོ་བྱེད་ཡུལ་བདམས་དཀའ་བ།   འཛུགས་སྐྲུན་གྱི་ཉེན་ཁ་ཆེན་བ།  ལས་གྲྭའི་ལས་ཡུན་ཐུང་བ་སོགས་ཀྱི་དཀའ་གནད་བསལ་ནས།  ལོ་ཕྱེད་ཀའི་ནང་ཁྲོད་དུ་སྡོད་ཁང་བསྐྲུན་པ་དང་།  ས་སྙོམས་བདེ་འགོད་བྱེད་པ་སོགས་ཀྱི་ལས་ཀ་དེ་སྤྱི་ཟླ11པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་མཐར། སྤྱི་ཟླ12པའི་ཚེས1ཉིན་ཡུལ་མི་ཐམས་ཅད་སྒྲིག་འཛུགས་བྱས་ཏེ་སྡོད་ཁང་གསར་པར་སྤོས་ཡོད།  རྒྱ་དབྱིངས་ཤང་སྤོ་བསྐོར་ཤུལ་གྲོང་སྡེ་དང་། རྒྱ་དབྱིངས་གྲོང་སྡེ།  ཕུགས་དར་གྲོང་སྡེའི་དུད་ཚང78ཀྱི་ཡུལ་མི392ཐམས་ཅད་དགའ་སྤྲོ་ཡིས་ཁེངས་ནས་སྡོད་ཁང་གསར་པར་སྤོས་ཡོད།  རང་འཐག་སྟེང་རྒྱ་དབྱིངས་གྲོང་གསར་ཧྲིལ་པོ་བསྐྲུན་པར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི6000བཏང་ཡོད་པ།  དེའི་ནང་གཞན་ཡུལ་དུ་ཡུལ་མི་གནས་སྤོ་བྱེད་མཁན་དུད་ཚང་རེ་ཡིས་མ་དངུལ་སྒོར་ཁྲི་གཅིག་ལས་་སྤྲོད་དགོས་མེད་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་དབྱིངས་ཤང་གཞན་ཡུལ་དུ་ཡུལ་མི་གནས་སྤོ་བྱས་ཏེ་སྡོད་ཁང་ཡག་པོར་བསྡད་ཐུབ་པ་དང་།འཚོ་བ་སྐྱིད་པོ་རོལ་ཐུབ་པ།  གོམས་གཤིས་བཟང་པོ་སྲུང་ཐུབ་པ།  ཡུལ་སྲོལ་ཡག་པོ་ཆགས་ཐུབ་པ་བཅས་ཀྱི་སྤྱི་ཁོག་གི་དམིགས་འབེན་ལྟར།  མི་སེར་རྣམས་གནས་སྤོ་བྱེད་སར་སྤོས་བཅུག་པར་མ་ཟད།  ད་དུང་ས་གནས་དེ་གར་གཞིས་ཆགས་ཐུབ་པ་དང་།  ལྷག་པར་དུ་ས་གནས་དེ་གར་མཉམ་འདྲེས་བྱ་ཐུབ་ཆེད།  ཕྱིན་ཆད་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱད་ཆོས་ལྡན་པའི་ཁམ་སྡོང་འདེབས་འཛུགས་དང་ཤང་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ།  ནུས་རྩལ་གསོ་སྐྱོང་སྦྱོང་བརྡར་བྱེད་པ།  གནས་སྤོ་ལས་ཞུགས་དང་ལས་ལམ་གསར་འབྱེད་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་སྤེལ་བར་བརྒྱུད།གནས་སྤོ་བྱེད་མཁན་མང་ཚོགས་གཞན་ཡུལ་དུ་སྤོས་ཐུབ་པ་དང་། གཞིས་ཆགས་ཐུབ་པ།  འཕེལ་རྒྱས་གཏོང་ལམ་ཡོད་པ། ཕྱུག་པོར་འགྱུར་ཐུབ་པར་ཁག་ཐེག་ནན་པོ་བྱ་རྒྱུ་རེད།

 རང་འཐག་སྟེང་རྒྱ་དབྱིངས་གྲོང་ཚོར་བྱུང་བའི་འགྱུར་ལྡོག་ནས་དབུལ་སྐྱོར་གནད་སྨིན་བྱས་ཏེ་མང་ཚོགས་དབུལ་པོར་དངོས་ཕན་ཐོབ་པའི་བདེ་སྐྱིད་མཚོན།  ངག་དབང་གིས་སྒོ་ཁའི་ས་སྟོང་པར་མཛུབ་གུ་བཙུགས་ཏེ་གསར་འགོད་པར་སང་ལོར་འདི་གར་ཁམ་སྡོང་གང་འཛུགས་རྒྱུ་ཡིན།  ཁམ་སྡོང་བཙུགས་རྗེས་ང་ཚོའི་རང་འཐག་སྟེང་རྒྱ་དབྱིངས་གྲོང་སྡེ་ནི་ཁམ་བུའི་ལྡོམ་ར་ངོ་མ་འགྱུར་ཐུབ་པ་རེད་ཅེས་དགའ་སྤྲོ་འཁོལ་བའི་ངང་ནས་སྐད་ཆ་འདི་ལྟར་བཤད་པ་རེད།

 སློབ་གསོ་ཡར་ངོའི་ཟླ་བཞིན་འཕེལ་བའི་དྲན་གསོའི་ཟེགས་མ།

  རྒྱལ་ཁབ་སྟོབས་ལྡན་ཡོང་བ་སློབ་གསོར་བརྟེན།བྱིས་པ་བློ་རིག་ལྡན་ན་གཞི་ནས་གཞན་ལས་ལྷག་པ་གྱུར།སྤྱི་ཚོགས་འཕོ་འགྱུར་ཆེན་པོ་བྱུང་ཚེ།སློབ་གསོ་སྔར་བས་གལ་ཆེ་བའི་གོ་གནས་སུ་གནས་ཤིང་རྒྱལ་ཕམ་ལ་ཐུག་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

  འབའ་ཐང་གིས་སློབ་གསོར་མཐོང་ཆེན་བྱས་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་།དཀར་མཛེས་ཁུལ་དུ་སློབ་གསོ་དར་སྔ་ཤོས་ཀྱི་རྫོང་ཡིན་པ་རེད།འབའ་ཐང་རྫོང་མི་དམངས་སློབ་ཆུང་ནི1904ལོར་བཙུགས་པ་དང་ད་བར་ལོ114བའི་ལོ་རྒྱུས་ཡོད།མིང་དོན་མཚུངས་པའི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་སློབ་གྲྭ་གྲགས་ཅན་ཡིན་ཞིང་།དཀར་མཛེས་བོད་རིགས་ས་ཁུལ་གྱི་སློབ་གསོའི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་པ་རེད།

 འབའ་ཐང་མི་དམངས་སློབ་ཆུང་ནི་ད་ལྟ་འབའ་ཐང་སློབ་གསོའི་ལྡུམ་ཁུལ་དུ་ཆགས་པ་དང་དུས་རབས་གསར་པར་བོད་རིགས་ས་ཁུལ་གྱི་སློབ་གསོ་ཚད་ཤིང་ཞིག་ཀྱང་རེད།

   ང་མི་དམངས་སློབ་ཆུང་ནས་མཐར་ཕྱིན་ཞིང་།ད་ལྟ་ཡང་མི་དམངས་སློབ་ཆུང་གི་དགེ་རྒན་ཞིག་ཡིན།ངས་ལོ་ངོ40རིང་གི་འབའ་ཐང་སློབ་གསོའི་འགྱུར་བ་ཆེན་པོ་མཐོང་ཡོད་ཅེས་འབའ་ཐང་མི་དམངས་སློབ་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅན་ཞུང་གིས་ཚོར་སྣང་ཟབ་པོའི་སྒོ་ནས་དེ་ལྟར་བཤད་པ་རེད།

 1974ལོར་སྐྱེས་པའི་དབྱང་ཅན་ཞུང་མི་དམངས་སློབ་ཆུང་དུ་སློབ་གཉེར་བྱས་ཤིང་།2009ལོར་མི་དམངས་སློབ་ཆུང་དུ་ལོག་ནས་དགེ་རྒན་བྱས།

  ང་ནི1981ལོར་སློབ་ཆུང་འདོན་པ་ཡིན།དེའི་སྐབས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་དུས་ཡུན་རིང་པོ་སོང་མེད།སྐབས་དེའི་མི་དམངས་སློབ་ཆུང་གི་ས་རྒྱ་མུའུ15ཡོད་པ་དང་།སློབ་ཁྲིད་ཐོག་ཁང་སུམ་བརྩེགས་ཅན་ཞིག་ཡོད།ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ50ཙམ་ཞིག་ཡོད་ལ།དེ་ནི་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱིས་བྱ་འགུལ་སྤེལ་ས་ཉག་ཅིག་དང་།ཞོགས་པ་ལུས་རྩལ་སྦྱོང་ས།ལུས་རྩལ་སློབ་ཚན།ལུས་རྩལ་འགྲན་ཚོགས་བཅས་ཀྱི་བྱེད་སྒོ་འདི་གར་སྤེལ་དགོས་པ་རེད།སྐབས་དེར་མི་དམངས་སློབ་ཆུང་ནི་འབའ་ཐང་རྫོང་གི་སློབ་ཆུང་ཡག་ཤོས་ཡིན་ལ་སློབ་གྲྭ་ཡོངས་ལ་དགེ་སློབ400ལྷག་ཙམ་ཡོད།དགེ་རྒན་གྱི་དཔུང་ཤུགས་ཀྱང་ཆེན་པོ་ཡིན།དགུན་ཁར་སློབ་མས་སློབ་ཁང་ནང་མེ་ཁ་གསོ་ནས་དྲོད་ལེན་པའི་ཆ་རྐྱེན་ཡོད།ད་སྐབས་མི་དམངས་སློབ་ཆུང་གི་ས་རྒྱ་ལྡབ་ལྔ་དྲུག་ཆེ་རུ་སོང་ཡོད་པ་དང་དགེ་རྒན85དང་སློབ་མ1225ཡོད།

  སློབ་གསོའི་ལྡུམ་ཁུལ་མ་ཚད་རྫོང་ནང་གི་སློབ་གྲྭ་གཞན་དག་ལ་ཡང་འཕོ་འགྱུར་ཆེན་པོ་བྱུང་ཡོད།དབྱང་ཅན་ཞུང་གིས་ང1994ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ནས་འབའ་ཐང་རྫོང་སྤོ་བསྐོར་ཤུལ་ཤང་ལྟེ་བའི་སློབ་གྲྭར་ལས་བགོས་བྱས།སྐབས་དེའི་སློབ་གྲྭ་ནི་འཕྲོད་བསྟེན་ཁང་གི་ནད་ཁང་རྙིང་པ་བསྒྱུར་བཀོད་བྱས་ནས་བཙུགས་ཡོད།སློབ་གྲྭ་ཡོངས་ལ་ལོ་རིམ་གཉིས་པ་དང་བཞི་པ།དྲུག་པ་བཅས་ལས་མེད།སློབ་མ14དང་དགེ་རྒན3ཡོད།སློབ་འགོ་ཚུགས་པའི་དུས་ལ།ཧ་ཅང་དཀའ་ངལ་ཆེ་བ་ནི་དགེ་རྒན་ཚོ་ཁྱིམ་བདག་གི་ཁྱིམ་དུ་ཕྱིན་ནས་བྱིས་པ་སློབ་གྲྭར་གཏོང་བར་སྐུལ་སློང་བྱ་རྒྱུ་དེ་རེད།དེ་ལྟ་ནའང་སློབ་ཁྲིད་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དང་།གལ་སྲིད་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་དང་འཕྲད་སྐབས།སློབ་མ་ཚང་མ་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་བས་གུང་གསེང་མི་གཏོང་ཀ་མེད་རེད་ཅེས་བཤདཔ་རེད།

   དབྱང་ཅན་ཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས།སློབ་གསོའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་།མི་ཚང་མས་རིག་གནས་ལ་དང་དོད་བྱེད་ཤུགས་ཇེ་ཆེར་སོང་ཡོད།1997ལོར།རྫོང་ཡོངས་ཀྱིས་དམའ་རིམ་སློབ་གསོ་ཁྱབ་གདལ་གཏོང་བ་དང་།སྤོ་བསྐོར་ཤུལ་ཤང་ལྟེ་བའི་སློབ་གྲྭར་རང་ཉིད་ལ་དབང་བའི་སློབ་ཁང་ཡོད།དགེ་རྒན7ཡོད་ཅིང་མི་རེ་ལ་ཉལ་ཁང་རེ་ཡང་ཐོབ།2005ལོར།ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་།སྤོ་བསྐོར་ཤུལ་ཤང་ལྟེ་བའི་སློབ་གྲྭ་གནས་གསར་པར་སྤོས་ཡོད།སློབ་ཁྲིད་ཐོག་ཁང་ནི་ཨར་འདམ་ལས་གྲུབ་པའི་ཐོག་བརྩེགས་གཉིས་ཅན་ཡིན།

 

གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།

   སློབ་མའི་ཉལ་ཁང་བཅུ་གཉིས་ཡོད།དགེ་རྒན་གྱི་ཉལ་ཁང་ཡང་རྒྱ་ཆེན་པོ་གྱུར་ཡོད།སློབ་གྲྭར་སློབ་མ150ཡོད་ཅིང་སློབ་བཤོལ་བྱེད་མཁན་དང་ཡང་ན་སློབ་གྲྭ་ལ་མི་ཡོང་པའི་སློབ་མ་ཡང་ཉུང་དུ་ཕྱིན་ཡོད།

  ད་ལྟ།སྤོ་བསྐོར་ཤུལ་ཤང་ལྟེ་གནས་སློབ་གྲྭ་འགྱུར་ལྡོག་ཆེན་པོ་བྱུང་།རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་དང་སློབ་ཁྲིད་སྒྲིད་ཆས་སྔོན་ཐོན་ཡོད་པར་མ་ཟད།ད་དུང་ནུས་མང་སློབ་ཁང་མང་ཞིང་དཔེ་དེབ་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་པ་ཡོད།

  སྤོ་བསྐོར་ཤུལ་ཤང་ལྟེ་གནས་སློབ་གྲྭར་འགྱུར་ལྡོག་ཆེན་པོ་འདི་འདྲ་བྱུང་བ་དེ་ནི།ཉེ་བའི་ལོ་ཤས་རིང་འབའ་ཐང་རྫོང་གིས་བོད་ཁུལ་གྱི་སློབ་གསོ་རྩེ་གྲ་བསྐྲུན་པའི་སྲིད་ཇུས་དང་ཁ་བྲལ་མི་ཐུབ།ལོ40རིང་འབའ་ཐང་རྫོང་གི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་དྲན་གསོ་ཞིག་བྱས་ན།འབའ་ཐང་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིན་ཞའོ་རུང་གིས་སྤྱི་ལོ1978ལོའི་སྔོན་དུ།འབའ་ཐང་རྫོང་གི་སློབ་གསོ་ཁྱབ་ཚད་རྒྱ་ཆུང་བ་དང་།རྫོང་མཁར་དུ་སློབ་གྲྭ་ཁ་ཤས་ཡོད་པ་ལས་གྲོང་ཚོར་སློབ་གྲྭ་དེ་ཙམ་མེད།སློབ་གྲྭའི་ཆ་རྐྱེན་ཡང་སྡུག་པོ་ཡིན།བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས།ག་ས་ག་ལ་ཤང་ལྟེ་གནས་སློབ་གྲྭ་བཙུགས་ཡོད།དུས་རབས་སྔོན་མའི་ལོ་རབས90ལ་གྲོང་ཚོ་རེ་ལ་སློབ་གྲྭ་རེ་ཡོད།ཡིན་ན་ཡང་གྲོང་ཚོའི་སློབ་གྲྭ་ཕལ་ཆེར་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་།དགེ་རྒན་དཀོན་པ།སློབ་མ་མི་འདང་བ་ཡིན་པ་རེད།2000ལོའི་རྗེས།འབའ་ཐང་རྫོང་གིས་གྲོང་ཚོའི་སློབ་གྲྭ་མེད་པར་བཟོས་ནས་རྫོང་དང་ཤང་གིས་གཅིག་བསྡུས་ཀྱིས་སློབ་གྲྭ་འཛུགས་འགོ་ཚུགས།ད་ལྟ་འབའ་ཐང་རྫོང་གཞི་ཁྱོན་ཡོད་པ་དང་།སྤུས་ལེགས།གཅིག་བསྡུས་བཅས་ཀྱི་སློབ་འཛུགས་ལམ་བུར་བསྐྱོད་དེ་སློབ་གསོ་དམངས་ཕན་གྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།ཞིང་འབྲོག་མང་ཚོགས་ཀྱིས་སློབ་གསོའི་གལ་ཆེན་རང་བཞིན་དེ་ཤེས་ཤིང་དབྱར་རྩྭ་དགུན་འབུ་ཡག་ཤོས་དེ་སློབ་ཁང་ནང་དུ་ཡོད་པ་གོ་ནས།ཚང་མས་བྱིས་པ་སློབ་གྲྭར་ནང་དུ་བསྐྱལ་བ་རེད།

  ལིན་ཞའོ་རུང་གིས་ངོ་སྤྲོད་བྱས་པ་ལྟར་ན།འབའ་ཐང་རྫོང་དུ་གཙོ་གནད་གཅིགལྟེ་བ་གཉིས།གྲོང་ཡུལ་ཚང་མ་འདུ་བའི་སློབ་གྲྭ་གནས་སྟངས་ཆགས་པ་དང་།གཙོ་གནད་གཅིག་ནི་སློབ་གསོ་གླིང་ཁུལ་ཡིན།འབའ་ཐང་རྫོང་གིས2012ལོར་སློབ་གསོ་གླིང་ཁུལ་འཆར་འགོད་བྱས་ཤིང2013ལོར་འཛུགས་སྐྲུན་བྱས་ཏེ2016ལོར་བེད་སྤྱོད་བྱེད་འགོ་ཚུགས་ཡོད།སློབ་གསོ་གླིང་ཁུལ་དེ་ལ་གྲོན་དངུལ་སྒོར་དུང་ཕྱུར་བདུན་ཙམ་བཏང་བ་དང་།ས་མུའུ200ཟིན་ཡོད།སློབ་མ2000པའི་སློབ་ཆུང་གཉིས་དང་སློབ་མ3000པའི་སློབ་འབྲིང་གཅིག་འཆར་འགོད་བྱས་ནས་འབའ་ཐང་རྫོང་གི་སློབ་མ་བརྒྱ་ཆ70འདུ་བའི་ནུས་པ་ལྡན་ཞིང་།ལོ30རྗེས་ནས་ད་དུང་སློབ་མས་གང་ཐུབ་པ་རེད།ད་ལྟ་སློབ་གསོ་གླིང་ཁུལ་ནང་དུ་འབའ་ཐང་སློབ་འབྲིང་དང་།མི་དམངས་སློབ་ཆུང་།པི་ཝང་སློབ་ཆུང་བཅས་གསུམ་ཡོད།

  ལྟེ་བ་གཉིས་ནི་མཚོ་ལྷ་གྲོང་རྡལ་དང་།རྫོང་རྩ་གྲོང་རྡལ་གཉིས་ཀྱིས་ཚབ་བྱེད་པའི་སྡེ་ཁུལ་གྱི་གཙོ་གནད་སློབ་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།2017ལོ་ནས་བཟུང་།འབའ་ཐང་རྫོང་གི་གྲོང་རྡལ་སློབ་ཆུང་བཅོ་བརྒྱད་དང་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་རྣམ་པ་བསྒྱུར་བཀོད་དང་།སློབ་གྲྭའི་རིག་གནས་འཛུགས་སྐྱོང་ཕྱོགས་ཡོངས་ནས་གྲུབ་པ་རེད།གྲོང་ཡུལ་སློབ་གསོ་དང་རྫོང་མཁར་སློབ་གསོ་མཉམ་དུ་ཡར་ཐོན་ཡོང་བ་དང་།བོད་ཁུལ་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱས་ཡོད།

  གྲོང་ཡུལ་ཚང་མ་འདུ་བ་ཞེས་པ་ནི་གྲོང་ཡུལ་འགག་གནད་སྒྲོལ་ས་གཙོ་བོར་བྱས་ཤིང་།སློབ་གྲྭ་ཡག་པོར་འགྲོ།སློབ་སྦྱོང་གི་གོ་སྐབས་མི་ཤོར་བ།རྩལ་ནུས་ཡོད་པ་བཅས་ཀྱི་སློབ་གསོ་དབུལ་སྐྱོར་གྱི་ལས་ཀའི་དམིགས་ཡུལ་བཟུང་ནས།རྒྱང་རིང་ལུང་ཁུག་གི་སློབ་མ་ཚོ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་།སློབ་གྲྭ་ཡག་པོར་འགྲོ་གང་ཐུབ་བྱས་ཡོད།ད་ལྟ་འབའ་ཐང་གྲོང་ཚོ་རེ་ལ་བྱིས་སློབ་ཁང་རེ་ཡོདཅིང་རྫོང་མཁར་གྱི་ལོ4ནས6བར་གྱི་བྱིས་པ་ཚོ་ཉེ་ས་སློབ་གྲྭར་ཞུགས་ཆོག

  གཅིག་རྒྱུད་གཅིག་འཛིན་བྱས་ཏེ་གཞས་དབྱངས་སྙན་མོ་འབའ་ཐང་ཡུལ་གྲུ་ཀུན་ལ་ཁྱབ།འབའ་ཐང་རྫོང་གི་སློབ་གསོའི་བྱ་གཞག་རྙིང་དོར་གསར་འཛུགས་བྱས་ནས་དར་རྒྱས་བྱུང་དང་འབྱུང་ཡོད་ལ།འབྱུང་འགྱུར་དེ་བས་གོང་འཕེལ་ཆེན་པོ་ཡོང་ངེས་སོ།།

 



  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།
  • ལེ་ཚན་རྗེས་མ།:ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།
  • དོ་སྣང་ཆེ་བའི་རྩོམ།