སྣང་བ་གླུ་རུ་ལེན་པ།

ཆོས་ཀྱི་དགའ་བ།        2019-03-25

དཔྱིད་ཉི་རིང་པོ་ཤར་སོང་།།

མར་ཀོག་གདུས་པའི་ཁུ་བ།།

སྐྱ་ཟད་སྔོ་རྡུགས་དུས་སུ།།

ཤ་གཟན་ཤ་ལས་ཞིམ་པ།།

ཇོ་ཇོ་དཀོན་མཆོག་ནོར་བུ།།

ཁ་ཡོད་ལག་ཡོད་ཡིན་ཡང་།།

ཕྲག་དོག་ཁ་དམག་བརྒྱབ་པས།།

ནག་རྐྱང་ཁྭ་ཏ་བཟོས་སོང་།།

དབང་ཆེན་མི་ཡི་དཔོན་པོ།།

གཞན་དོན་ཁ་ལ་ཡོད་ཀྱང་།།

རང་དོན་ཁོག་ཏུ་སྦས་པས།།

བུད་མེད་སྦྲུམ་མའི་ལུས་ཅན།།

ཐུགས་རྗེ་ཅན་གྱི་བླ་མ།།

ཡོན་བདག་ཁྱིམ་དུ་བྱོན་སྐབས།།

ཤ་ཁྲག་གཡོས་ནས་དྲངས་ཚེ།།

སྲིན་པོ་ལས་ཀྱང་འཇིགས་པ།།

ཀུན་དགའ་དོན་གྲུབ་ཡོད་ན།།

ག་རེ་བྱས་ཀྱང་ཆོག་གི།།

ཡོན་ཏན་མེད་པའི་གནག་རྫི།།

མཁས་པ་བྱས་ཀྱང་ཆོག་གི།།

ཁྲེལ་གཞུང་མེད་པའི་བྱམས་པས།།

ལམ་ཁའི་རྡོ་བཞིན་དོར་ནས།།

ཕྱུག་པོའི་བུ་དང་བསྡེབས་ཏེ།།

རྒྱ་བལ་ཚོང་དུ་བུད་སོང་།།

ཚོང་འདུས་དར་རྩེ་མདོ་ལ།།

ཚོང་ཟོག་ནམ་མཁའི་སྐར་མ།།

དཀོན་མཆོག་དུང་གི་ཟླ་བ།།

མི་ཉག་ཟླ་བ་གཡང་འཛོམས།།

སེམས་ཀྱི་རྟ་ཁ་གློད་ནས།།

ལ་ཆེན་ལ་ཆུང་བརྒལ་དོན།།

ལྷ་སའི་ཇོ་བོ་མ་རེད།།

འཕྱོངས་རྒྱས་ཟླ་བ་སྒྲོལ་མ།།

སྟོན་རླུང་འུར་འུར་ལྡང་བྱུང་།།

མེ་ཏོག་བ་མོས་བཅོམ་སོང་།།

ལོ་ཏོག་ཟོར་བས་བྲེགས་སོང་།།

རང་སེམས་བྱམས་པས་བཅག་སོང་།

ལྕང་དཀར་གཡུག་པ་བཟུང་ནས།།

སྡེ་ཆེན་གྲོང་མཐར་སྤྲང་དུས།།

སྒོ་སྲུང་ཁྱི་རྒན་རྒྱ་བོས།།

ང་ལ་བརྙས་བཅོས་བྱས་སོང་།།

ངང་བ་བྱང་ལ་འགྲོ་བ།།

གཏད་ས་མཚོ་ཆུང་ནོར་བུ།།

མཚོ་ཆུང་མ་སྐམ་ཡོད་ན།།

ངང་བ་མཚོ་ལ་རང་འཁོར།།

ཚང་ཚིང་འཁྲིགས་པའི་ནགས་སུ།།

ལྗོན་པ་སྣ་ཚོགས་སྐྱེས་ཡོད།།

སྐྱེར་བ་ཁ་དོག་མཛེས་ཀྱང་།།

ཕུགས་བཙུན་ལྷ་ཤིང་ཤུག་པ།།

དགྲ་བོས་མཚོན་གྱིས་བསྣུན་ཀྱང་།།

ལུས་ཀྱི་རྨ་ཁ་སོས་སོང་།།

བྱམས་པས་ཚིག་རྩུབ་སྨྲས་པས།།

སྙིང་གི་གནད་ལ་ཕོག་སོང་།།

ན་ནིང་རྟ་ཕོས་གཡུགས་ཀྱང་།།

ལུས་ལ་རྨས་སྐྱོན་མ་བྱུང་།།

ད་ལོ་བྱམས་པས་གཡུགས་པས།།

སྙིང་གི་རུས་པ་བཅག་སོང་།།

སྦྲང་མས་སྐྱིད་གླུ་བླངས་ཀྱང་།།

ང་ནི་དགའ་རྒྱུ་མི་འདུག།

བྱམས་པ་སོང་བའི་དབྱར་ཁ།།

དགུན་ཁ་ལས་ཀྱང་འཁྱག་པ།།

སྨན་ཆུང་བུ་མོའི་ལང་ཚོ།།

ཁྱིམ་དུ་རྒས་ན་ཕངས་པ།།

ཆང་མ་བརྒྱ་ཡིས་བཙགས་པའི།།

ལོ་ཆང་དེ་དང་འདྲ་བྱུང་།།

ཁ་ཚུབ་ནང་གི་སྐར་མདའ།།

ཐག་རིང་རྒྱང་དུ་ཆད་སོང་།།

ཀོང་ཆུང་མར་ཁུའི་སྒྲོན་མེ།།

ལྷགས་པས་སྦྲེབས་ནས་གཟིམས་སོང་།

གཡུ་ཡི་མེ་ལོང་ངོས་སུ།།

བཅོ་ལྔའི་དུང་ཟླ་ཤར་བྱུང་།།

ཟངས་ཀྱི་མེ་ལོང་ངོས་སུ།།

བྱམས་པའི་ཞལ་རས་ཤར་བྱུང་།།

ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས།།

མི་ཡུལ་དང་དུ་བླངས་ཏེ།།

སྣང་བ་གླུ་རུ་ལེན་པའི།།

ཡུལ་གྱར་བ་ཞིག་བྱ་འདོད།།


  • ལེ་ཚན་སྔོན་མ།:དུང་སེམས་ངག་གི་རླབས་ཕྲེང་།
  • ལེ་ཚན་རྗེས་མ།:དགེ་རྒན་ལ་བསྟོད་པའི་དཔེ་རྒྱན་སོ་གཉིས་མ།