《བོད་ཀྱི་རྡེལ་རྩིས་ཡིག་ཆ་རབ་གསལ་དོན་གྱི་མེ་ལོང་》ཞེས་བྱ་བ་པར་དུ་བསྐྲུན་པ།

    མི་དམངས་དྲ་བ།    2019-03-21

《བོད་ཀྱི་རྡེལ་རྩིས་ཡིག་ཆ་རབ་གསལ་དོན་གྱི་མེ་ལོང་》ཞེས་བྱ་བ་པར་དུ་བསྐྲུན་པ།

     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་ཁང་གི་ན་གཞོན་རྩོམ་པ་པོ་མཁར་བུ་ཚེ་དབང་རྡོ་རྗེས་སྒྲིག་རྩོམ་བྱས་པའི་《བོད་ཀྱི་རྡེལ་རྩིས་ཡིག་ཆ་རབ་གསལ་དོན་གྱི་མེ་ལོང་》ཞེས་པའི་དེབ་འདི།  བོད་ཀྱི་གནའ་བོའི་དཔལ་འབྱོར་རིག་གནས་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཏུ་མཐོང་ནས་ཉེ་ལམ་ངེད་ཅག་བོད་རིག་པ་དཔེ་སྐྲུན་ཁང་གིས་དངོས་སུ་པར་དུ་བསྐྲུན།
     དེ་ཡང་རྡེལ་རྩིས་རིག་པ་འདི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་མ་ལག་གལ་ཆེན་ཞིག་སྟེ། བོད་ཀྱི་གནའ་བོའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་རྩི་ཐབས་ཤིག་དང་། བོད་ཀྱི་སྲིད་རབས་རིམ་བྱུང་གི་ནོར་སྲིད་དང་དཔྱ་ཁྲལ། ཉོ་ཚོང་དང་འགྲིམ་འགྲུལ། བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་བེད་སྤྱད་ནས་རིམ་གྱིས་འཕེལ་རྒྱས་བྱུང་བའི་ཐུན་མོང་མ་ཡིན་པའི་རྩིས་ཀྱི་རིག་པ་ཞིག་ཡིན།  རྡེལ་རྩིས་ཀྱི་རིག་པ་འདི་ཆེས་སྔ་མོའི་དུས་ནས་བོད་ཡུལ་དུ་དར་བར་མངོན་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བྱུང་ནས་གཏན་འཇགས་སུ་ཕྱིན།  ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་བ་ཅན་གྱི་སྐབས་སུ་འཐུས་ཚང་དུ་བཏང་བ་དང་།  ས་ཕག་རིན་གཙང་དང་དགའ་ལྡན་ཕོ་བྲང་གི་དུས་སྐབས་དག་ཏུ་བཙན་པོའི་རྒྱལ་རབས་དུས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་རྩི་སྟངས་གྲ་མ་ཆག་ཟུར་མ་ཉམས་པར་རྒྱུན་འཛིན་བྱུང་བ་མ་ཟད། འཐུས་ཚང་ཅན་དང་ཚད་ལྡན་ཅན་དུ་གྱུར་ནས་1959ལོའི་བར་དུ་དར་ཐུབ་པ་བྱུང་ངོ་།། 
     བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་རྗེས་སུ། དེང་རབས་སྔོན་ཐོན་གྱི་བསྡོམས་རྩིས་རིག་པ་དང་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གསར་པ་དར་ཁྱབ་བྱུང་བ་དང་བསྟུན་ནས་སྲོལ་རྒྱུན་རྡེལ་རྩིས་རིག་པ་འདི་རིམ་གྱིས་བེད་སྤྱོད་མེད་པར་ཆགས་པ་དང་།  རིག་གཞུང་ཞིབ་འཇུག་གི་ལས་གནས་ཐད་ནས་བཤད་ནའང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་སྐབས་སུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ནོར་བྲང་ཨོ་རྒྱན་རྣམ་གཉིས་ཀྱིས་རྡེལ་རྩིས་སྐོར་ལ་ཕྱག་རྩོམ་ཐོར་བུ་རེ་མཛད་པ་མ་གཏོགས་དོ་སྣང་བྱེད་མཁན་གཞན་སྲིད་མཐའ་ཙམ་དུ་གྱུར་ལ།  ཞིབ་འཇུག་གི་དཔྱད་འབྲས་གསར་པ་དེ་ལས་ཀྱང་མ་བྱུང་བར་སྣང་།  
     དེ་ཡང་རྒན་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་སྔོན་མའི་ལོ་རྒྱུས་དང་།  ལྷག་པར་དུ་དཔལ་འབྱོར་གྱི་ལོ་རྒྱུས།  སྤྱི་ཚོགས་ཀྱི་རྣམ་པ་དང་ཚད་རིམ།  ཆབ་སྲིད་དང་དམག་དོན་གྱི་སྒྲིག་གཞི།  མང་ཚོགས་ཀྱི་འཚོ་བ་སོགས་ལ་ཞིབ་འཇུག་དང་ཆ་རྒྱུས་ཡོད་དགོས་ཚེ་རྡེལ་རྩིས་ཀྱི་གཞུང་ལུགས་ལ་ངེས་པར་སྦྱང་དགོས་པས།  བོད་ཀྱི་རྡེལ་རྩིས་རིག་པ་འདི་བོད་ཀྱི་ལོ་རྒྱུས་ཀྱི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཏུ་མཐོང་ནས།  མི་ལོ་སུམ་ཅུའི་སྔོན་ནས་རྡེལ་རྩིས་ཀྱི་གཞུང་ལུགས་དང་།  རྩིས་གཞི།  ཡང་ན་མཁས་པའི་དབང་པོ་མང་པོའི་སྐུ་མདུན་དུ་བཀའ་འདྲི་གང་མང་ཞུས་ནས་སྦྱངས་པ་བྱས་མོད།  རྐྱེན་སྣ་ཚོགས་ཀྱི་དབང་གིས་སྦྱངས་པ་དང་ཞིབ་འཇུག་ཡག་པོ་ཞིག་གནང་མ་ཐུབ་པར་བརྟེན།  ཁོང་གིས་2012ལོར་མཁར་བུ་ཚེ་དབང་རྡོ་རྗེ་ལ་བོད་ཀྱི་རྡེལ་རྩིས་རིག་པ་ལ་ཞིབ་འཇུག་བྱེད་རྒྱུའི་ལས་འགན་སྤྲད་པ་མ་ཟད།  རྡེལ་རྩིས་སྐོར་གྱི་ཡིག་ཆ་དང་དགེ་རྒན་ངོ་སྤྲོད་བྱས་པ་སོགས་མཐུན་རྐྱེན་དང་རྒྱབ་སྐྱོར་སྐུལ་མ་ཆེན་པོ་གནང་བ་བརྒྱུད།  མཁར་བུ་ཚེ་དབང་རྡོ་རྗེས་ལོ་ངོ་བཞི་ལྷག་གི་རིང་ལ་བྱ་རིགས་པ་བློ་བཟང་རྣམ་རྒྱལ་དང་།  མཁར་རྒྱ་པདྨ་བློ་གྲོས།  ནོར་བྲང་ཨོ་རྒྱན་སོགས་ཀྱི་མདུན་ནས་རྡེལ་རྩིས་སློབ་སྦྱོང་དང་སྐུ་བཅར་ངོ་འདྲི་ཞུས་པ་མ་ཟད།  ཁོང་རྣམ་པས་ཡིག་ཆ་མཁོ་སྤྲོད་གནང་བ་དང་།  བོད་ལྗོངས་ཡིག་ཚགས་ཁང་དང་།  པོ་ཏ་ལའི་དོ་དམ་ཁང་ལ་སོགས་ནས་རྡེལ་རྩིས་ཡིག་ཆ་བཅུ་གཉིས་འཚོལ་བསྡུ་བྱས་ཏེ།  དེ་དག་ལ་རིག་གཞུང་གི་རྣམ་འགྱུར་དྲང་མོས་དག་སྒྲིག་དང་དཔྱད་བསྡུར།  གསེད་བཀྲོལ་བྱས་ནས་དེབ་འདི་སྒྲིག་རྩོམ་བྱས་པའི་བརྒྱུད་རིམ་ཁྲོད། མཁས་དབང་རྣམ་པའི་གསུང་གི་སྙིང་པོ་མ་ལུས་པ་ཟིན་ཐོར་བཀོད་ཐོག་གཞུང་ཚིག་ལ་ཟུར་མཆན་ཡང་བཏབ་པ་སོགས་དཀའ་ལས་མང་པོ་བརྒྱབ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྩིས་ཀྱི་རིག་གནས་འདི་ཉམས་པ་སླར་གསོ་དང་རྒྱུན་འཛིན་བྱ་བར་སྲི་ཞུ་ཡག་པོ་ཞིག་བྱུང་ཡོད་པར་མངོན་ནོ།། དེབ་འདིའི་རྩོམ་སྒྲིག་འགན་འཁུར་པ་ཚེ་རིང་སྐྱིད་ནས།

《བོད་ཀྱི་རྡེལ་རྩིས་ཡིག་ཆ་རབ་གསལ་དོན་གྱི་མེ་ལོང་》ཞེས་བྱ་བ་པར་དུ་བསྐྲུན་པ།


  • ལེ་ཚན་སྔོན་མ།:འགྱུར་རྡོའི་གསང་བ་ཤེས་རྟོགས་ཐུབ་པ།
  • ལེ་ཚན་རྗེས་མ།:ལན་ཀྲོའུ་ནས་གཙོས་བར་དང་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་གཞིའི་དུས་འགོའི་བྱ་བའི་མཐུན་སྦྱོར་སྐུལ་སྤེལ་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།