སྤང་རྒྱབ་ཐང་ཤིང་།

ཡེ་ཤེས།        2019-03-20

   རང་ལ་དགོས་འདོད་ཆུང་ཞིང་གཞན་ལ་གནང་སྦྱིན་མང་བ་དང་། སྐྱོ་གདུང་དང་འཇིགས་སྐྲག་ཡེ་ནས་མེད་པ། རང་དོན་བློས་གཏོང་བར་ཇི་མི་སྙམ་པའི་སྤང་རྒྱབ་ཀྱི་ཐང་ཤིང་། སྔོ་བསངས་མཁའ་དབྱིངས་ཀྱི་མཐོངས་སུ་ཟུག་ཅིང་། གྲང་རླུང་དང་བུ་ཡུག་གིས་རྟག་ཏུ་གཟིར་ཡང་ཉམ་མི་ང་། ལོ་ཟླ་དང་དུས་ཚིགས་རེ་རེར་ལྗང་མདོག་གི་ལོ་འདབ་རྒྱས་ཤིང་། ཚང་ཚིང་སྟུག་པོའི་ཁྲོད་གནམ་འདེགས་ཀྱི་ཀ་བ་བཞིན་བསྐལ་པ་ཁྲི་ཕྲག་ལ་ཉམས་པ་མེད།

   སྤྱིར་བཏང་ཐང་ཤིང་ནི་ས་མཐོན་པོ་དང་བསིལ་དྲོད་སྙོམས་པའི་རི་ཀླུང་གི་ནགས་གསེབ་དང་ཤིང་ཕྲན་གྱི་གསེབ་ཏུ་སྐྱེ་མོད། རེད་དེ། སྤང་རྒྱབ་ཐང་ཤིང་ནི་ཀླུ་ཡུལ་སྒང་གྲོང་མཇུག་གི་སྤང་རྒྱབ་ཅེས་འབོད་པའི་སྤང་གཤོང་དུ་ཁེར་རྐྱང་ངང་སྐྱེས་ཡོད། སྤང་གཤོང་དེའི་མཐའ་འཁོར་དུ་ཐང་ཤིང་དེ་མ་གཏོགས་ཐ་ན་ཚེར་མ་ཙམ་ཡང་སྐྱེ་མེད། རྒྱུན་དུས་སྔོ་ལྗང་ལྗང་ཡིན་པའི་ཐང་ཤིང་དེའི་མཐོ་ཚད་ཕལ་ཆེར་སྨི་བཅོ་ལྔ་ཙམ་ཡིན་ལ། རྩ་བ་སྦོམ་ལ་ཡལ་ག་གྲངས་ལས་འདས། རྒྱང་རིང་ཐུང་གཉིས་ནས་བལྟས་ན་ཐང་ཤིང་དེ་ནི་མི་ཡོངས་ཀྱི་འཚོ་བའི་རེ་བ་མཚོན་པའི་སྲ་ཞིང་བརྟན་པའི་མཆོད་རྟེན་ཞིག་དང་མཚུངས་ཤིང་། ཐང་ཤིང་དེར་འདེབས་འཛུགས་དང་ཆུ་དྲངས་མཁན་སུ་ཡང་མེད་ལ། ཁོང་གི་ས་བོན་དུས་ནམ་ཞིག་དང་སེམས་ཅན་གང་ཞིག་གིས་ཁུར་ཡོང་བའང་མི་ཤེས། ཐང་ཤིང་དེ་ནི་དུས་མི་འདྲ་བའི་མི་ཚོའི་བྱ་སྤྱོད་ལ་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་དང་སེམས་ཅན་ལ་རེ་བ་གནང་མཁན། གནའ་བཟང་དེང་སྤྱོད་པ་ལ་བསྟོད་མཁན། བྱ་བསད་ཕག་རྡུང་ལ་འཕྱ་སྨོད་བྱེད་མཁན། མཐའ་ན་གྲོང་སྡེའི་མཛེས་ལྗོངས་དང་སེམས་ཅན་ལ་ཚ་སྡུག་འགོག་ནུས་པ་བཅས་ཀྱི་ཆེད་དུ་སྐྱེ་བ་ཡིན་ཟེར་སྲོལ་ཞིག་འདུག་པས་མི་རྣམས་ཀྱིས་དེ་ལྷ་ཤིང་གི་རིགས་སུ་བརྩིས་ནས་དད་པའི་རྟེན་དུ་བྱེད་བཞིན་ཡོད།

   ཐང་སྡོང་དེ་ལོ་བརྒྱ་ལྷག་ལོན་ཡོད་པའི་ཟེར་སྲོལ་ལྡན་ཡང་སུས་ཀྱང་གསལ་བོ་མི་ཤེས། རྒན་རྒོན་སུ་ལ་དྲིས་ཀྱང་ཚང་མས་ཁོ་ཚོ་ཆུང་དུས་ནས་ཐང་ཤིང་དེ་ཡོད་པ་རེད་ཅེས་བཤད། ཐང་ཤིང་དེ་ང་ཚོ་གྲོང་སྡེའི་དུས་ཀྱི་འགྱུར་བ་དང་མི་རབ་འབྲིང་ཐ་གསུམ་གྱི་སྐྱེ་རྒ་ན་འཆི་བཅས་ཤེས་པས་དུས་ཀྱི་འགྱུར་བའི་བདེན་དཔང་ཞིག་བྱས་ན་ལོས་ཆོག

   དབྱར་ཁའི་དུས་སུ་ཐང་ཤིང་གྲིབ་བསིལ་འོག་དངོས་གནས་དུས་ཚིགས་ཀྱི་ལྷ་ཡུལ་དང་འདྲ་ཞིང་། གཡང་དཀར་ལུག་ཁྱུ་དང་རྟ་ནོར་ལུག་ཡོངས་ཀྱི་ཚ་གདུང་འགོག་གནས་དང་ཁོ་ཚོའི་རྒྱགས་རྩེད་དུས་ཀྱི་སྤྲོ་བའི་ར་བ་རེད། ཉིན་གུང་ཉི་མ་ཚ་ཤོས་ཀྱི་དུས་སུ་མི་རྣམས་ཀྱིས་དེའི་གྲིབ་བསིལ་འོག་ངལ་གསོ་བྱས་ནས་ཡུལ་མཆོག་ཀླུ་ཡུལ་སྒང་གི་མཛེས་ལྗོངས་ལ་རོལ་ཆོག་པ་རེད།

   བཤད་སྲོལ་ལྟར་ན། ཐང་ཤིང་དེ་གྲོང་ཚོའི་གཉེན་བཤད་དང་བཀྲ་ཤིས་སྨོན་ཚིག་ནང་མེད་དུ་མི་རུང་བ་ཞིག་ཡིན་ཏེ། དཔེར་ན་སྤང་རྒྱབ་ཐང་ཤིང་ནི་ཤིང་སྟ་རེ་མི་ཕོག་ཤིང་སྣ་ཞིག འགྱུར་བ་མི་སྲིད་ཐང་ཤིང་ཞིག དྲིན་ཆེན་ལྡན་པའི་ལྷ་ཤིང་ཞིག བྱ་ཁུ་བྱུག་གསུང་སྐད་གྲག་ས་ཞིག ལུག་གཡང་དཀར་བསིལ་གབ་བྱེད་ས་ཞིག། ཨ་བུ་རྣམ་གསུམ་ཆང་འཐུང་ས་ཞིག མ་བུ་མོ་རྣམ་གསུམ་ཇ་འཐུང་ས་ཞིག བུ་ཚ་རྣམ་གསུམ་བྲོ་གཞས་འཁྲབ་ས་ཞིག་ལྟ་བུའི་ཚིག་བཟང་པོས་བསྟོད་པ་བརྗོད་ཀྱིས་མི་ལངས་བ་རེད།

   ཤིང་སྡོང་གི་རིག་གནས་ཅུང་ཙམ་ཤེས་པའི་རྒས་པོས་བཤད་པར་གཞིགས་ན། ཐང་ཤིང་ནི་གཞོན་དུས་སྨུག་པོ་དང་རྒས་ནས་ཁམ་སེར་དུ་འགྱུར་བ་རེད་ཟེར། སྔོན་མ་ཐང་ཤིང་དེ་ཆེས་སྨུག་པོའི་དུས་སུ། ང་ཚོའི་ཁྱིམ་གྱི་ཇ་ཁང་ཆུང་ཆུང་ནང་གསལ་ལ་མི་གསལ་པའི་སྒྲོན་མེ་འོག སྒྲོལ་མ་དང་མ་ཎིའི་དབྱངས་སྒྲ། ཨ་ཕའི་སྒྲུང་གཏམ་དང་ཨ་མའི་བསླབ་བྱ་བཅས་གཅིག་ཏུ་འདྲེས་ཤིང་། རྒན་བཀུར་བྱིས་སྐྱོང་དང་མེས་པོའི་སྲོལ་རྒྱུན་ལ་དང་དོད་བྱས་ནས་རིག་གནས་ཕུན་སུམ་ཚོགས་པོར་ཡོང་བར་བརྩོན་ནས་འཚོ་ཞིང་། སྐབས་དེ་དུས་མི་རྣམས་ལ་སེམས་ཁྲལ་དང་སེམས་སྡུག་ཅི་ཡང་མེད་པས་ནང་སེམས་ལ་ཆེས་བདེ་སྐྱིད་ཀྱིས་ཁེངས་ནས་ཡོད།

   ཐང་ཤིང་ཁམ་སེར་འགྱུར་བའི་དུས། གྲོང་ཚོའི་དཔལ་འབྱོར་གོང་དུ་འཕེལ་བ་དང་། ཁོར་ཡུག་ཇེ་བཟང་དུ་འགྲོ་ཞིང་གློག་གིས་མཚན་མོ་ཉིན་དཀར་ལྟར་བསྒྱུར་ཅིང་། དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་སོང་ཡང་། མི་རྣམས་ཕན་ཚུན་ལ་ཁ་བརྡ་མེད་ཅིང་། འཇིག་རྟེན་གྱི་བྱ་བ་རྣམས་ཀྱང་སྒྲུབ་ཁོམ་མེད་དེ་བརྙན་འཕྲིན་དང་ཁ་པར་གཡེང་སྟེ་ཅ་ཅོ་བསྒྲགས་པས་ཁྱིམ་མི་བར་གྱི་བརྩེ་བ་སྣང་མེད་དུ་བཞག་པ་དང་། རང་ཉིད་ཀྱི་མིག་ཟུང་ལོང་། བདེ་སྐྱིད་ཁྱིམ་གཞིས་བརླགས། བུ་ཕྲུག་གི་མདུན་ལམ་ཡལ། ཨ་ཁ་ཁ། ལྟོས་དང་། ང་ཚོའི་ཐང་སྡོང་དེ་ཁམ་སེར་ནས་ཁམ་སེར་དུ་གྱུར་བ་དེ་དུས་ནམ་ལ་སླར་གསོ་ཐུབ།།

  • ལེ་ཚན་སྔོན་མ།:ལམ།
  • ལེ་ཚན་རྗེས་མ།:དག་ཞིང་གི་ཕ་ལོར་འབོད་པ།