དགུན་ཁ· སྙན་ངག་པ།

དུར་ཁྲོད།        2019-03-20

དགུན་ཁ།

ལྷག་ཏུ་ཁ་བ་འབབ་པའི་

དགུན་ཁའི་མཚན་མོ།

ཧ་ཅང་སྟུག་པའི་ནགས་ཚལ་བཞིན།

མུན་པས་ཕྱི་ནང་བར་གསུམ་དཀྲིས་ཡོད།

གྲང་ངར་དང་རླུང་འཚུབ།

འཛམ་གླིང་གི་འཁྲུག་ཆེན་བཞིན།

ཕྱོགས་ཕྱོགས་ནས་མེ་སྒྱོགས་འཕེན།

ཁྲག་གིས་ས་གཞི་ལ་སིམ་འཛུལ་བྱེད།

སྙན་ངག་པ།

མ་གཞི་ནས་ཁེར་རྐྱང་ལ་དགའ།

ལྷག་ཏུ་བསམ་གཞིག་གི་

རྒྱལ་མཚོའི་ཧྲག་བར་འཛུལ་ནས།

ཕྲ་རབ་ཀྱི་འཚོ་བ་རེ་རེ།

བརྡ་སྤྲོད་ཀྱི་ནམ་མཁར་འཇའ་ཚོན་གྱི་རི་མོ་ཕབ།

དགུན་ཁ།

ལྷག་ཏུ་ཁ་བ་བབས་པའི་དགུན་ཁའི་མཚན་མོ།

སྙན་ངག་པས།

མ་གཞི་ནས་གོ་སྐབས་ཤིག་དང་

སྐྱིད་ཅིག་ཏུ་སྒོམ་ཡོད།

དེ་བས། སྙན་ངག་པའི་འཇིག་རྟེན་ན།

གྲང་ངར་དང་སྐྱོ་གདུང་གི་ཐ་སྙད་ཡེ་ནས་མེད།

ནམ་ཡང་གངས་རིའི་འདབས་ན་སྐྱེ་བའི།

མེ་ཏོག་སེར་ཆེན་བཞིན་འཛུམ་ལྷུག་གེར་བཞད་

ནས་བསྡད་ཡོད།

དགུན་ཁ།

དགུན་ཁའི་མཚན་མོ།

ཁ་བ་བབས་པའིདགུན་ཁའི་མཚན་མོ།

ད་དུང་སྙན་ངག་པ་དང་།

སྙན་ངག་པ་མ་ཡིན་པའི་མི་དང་སྲོག་ཆགས།

ཁོར་ཡུག་གཅིག་ཏུ་གནས་ཀྱང་།

སྣང་བའི་འཇིག་རྟེན་གཉིས་རེད།

སྤྲོ་སྣང་དང་སྡུག་བསྔལ།

དགུན་ཁ་ལ་གྲང་མངར་ཇི་ལྟར་ཆེ་ཡང་།

སྙན་ངག་པར་གྲང་ངར་གྱི་ཚོར་བ་གང་ཡང་མེད།

ཁོའི་ནང་སེམས་ནི་དུས་གསུམ་ཀུན་ཏུ་དྲོ་ཁོལ་ཁོལ་ཞིག


  • ལེ་ཚན་སྔོན་མ།:ལས་དབང་།
  • ལེ་ཚན་རྗེས་མ།:དབུས་ཀྱི་སྙིང་སྡུག་གཉིས།