ཞིང་པ་ཚོས་དཔྱིད་རྨོད་ལ་བྲེལ་ནས་ལོ་ལེགས་ཐོབ་པར་རེ་སྒུག་བྱེད།

ཀུན་དགས་བསྒྱུར་ཞུས་བྱས།        2019-03-20

   སྤྱི་ཟླ3པའི་ཚེས8ཉིན། གསར་འགོད་པ་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཁུག་རྟ་ལུང་པའི་གྲོང་རྡལ་ལྷོ་སྒང་གྲོང་སྡེར་བཅར་འདྲི་བྱེད་སར་འགྲོ་དུས་ཞིང་པ་ཚོ་ལ་ལས་ཞིང་ས་རྐོ་བ་དང་ལ་ལས་མྱུ་གུ་གསོ་བ། ལ་ལས་ཞིང་ཆུ་ཁྲིད་པ་སོགས་ཚང་མས་ཚ་ཚ་འུར་འུར་གྱིས་དཔྱིད་རྨོད་ལས་ཀར་བྲེལ་བཞིན་པའི་རྣམ་པ་འདི་མཐོང་བ་ཡིན།

   ལྷོ་སྒང་གྲོང་སྡེའི་གྲོང་མི་ཀའོ་ཧྲུའུ་སེན་གྱིས་རང་ཁྱིམ་གྱི་སྒོ་རའི་ནང་གི་ཚོད་དཀར་ལྗང་བུའི་སྐྱེ་ཚུལ་ལ་ལྟ་ཞོར་དུ་གསར་འགོད་པར་ང་ཚོས་མགྱོགས་མྱུར་ངང་ཚལ་མྱུག་ཡག་པོ་འདེབས་དགོས་པ་ལས་དུས་ཚིགས་འགོར་འགྱངས་གཏན་ནས་བྱེད་མི་རུང། མྱུ་གུ་གསོ་རིང་གནམ་གཤིས་ཀྱི་དྲོད་གྲང་ཅུང་དམའ་བ་ཡིན་ཏེ་འགྱིག་ཤོག་སྲབ་པོས་ཁེབས་རྗེས་གྲང་འགོག་གི་ནུས་པ་ལྡན་པས་མྱུ་གུ་ཡག་པོར་སྐྱེ་སྲིང་ཐུབ་པ་རེད་ཅེས་བཤད། དངོས་གནས་བདེན་པར་སྣང་གསར་འགོད་པས་འགྱིག་ཤོག་སྲབ་པོས་ཁེབས་པའི་སྤྱིལ་ཁང་ཆུང་ཆུང་གི་ནང་དུ་མྱུ་གུ་འབུས་པ་དང་མྱུ་གུའི་འབུས་ཚད་ལི་སྨི3ཡས་མས་ལ་ཟིན་པ་མཐོང་།

   སོན་བཟང་འདེབས་པ་དང་འགྱིག་ཤོག་འགེབས་པ། མྱུ་གུ་འབུས་པ། དེའི་རྗེས་མྱུ་གུ་དོ་དམ་བཅས་ཀྱི་ལས་ཀའི་གོ་རིམ་སོ་སོ་ཐབས་ཆག་སླ་བཅོས་གཏན་ནས་བྱེད་མི་ཉན། ཀའོ་ཧྲུའུ་སེན་གྱིས་གསར་འགོད་པར་ལོ་རེའི་སྤྱི་ཟླ2པའི་ཟླ་མཇུག་ཙམ་ལ་སོན་འདེབས་བྱས་པ་དང་སྤྱི་ཟླ4པར་མྱུ་གུ་ས་ཁར་འབུས་པ་རེད། སྤྱི་ཟླ7པར་གཞི་ནས་ཚོད་དཀར་ཚོང་རའི་ནང་དུ་འདྲེན་ནས་བཙོང་ཆོག་པ་ཡིན་ཞིང་། དེའི་རྗེས་ངལ་གསོའི་དུས་ཚོད་ཙམ་ཡང་མེད་པར་དུས་ཚིགས་གཉིས་པ་དང་གསུམ་པའི་ཚོད་དཀར་འདེབས་འགོ་ཚུགས་པ་ཡིན་པས་དུས་ཚོད་མང་ཤོད་ཞིང་ནང་དུ་བྲེལ་ནས་ལུས་པ་རེད་ཅེས་བཤད།

   ལྷོ་སྒང་གྲོང་སྡེར་ལོ་མང་པོའི་རིང་གི་ཚོད་དཀར་འདེབས་འཛུགས་བྱེད་པའི་ལོ་རྒྱུས་ཡོད་པས་ཞིང་པ་ཚོས་ཚོད་དཀར་འདེབས་འཛུགས་ཀྱི་ལག་རྩལ་ཆ་ཚང་ཤེས་ཀྱི་ཡོད། ཀའོ་ཧྲུའུ་སེན་གྱིས་དཔྱིད་དུས་སོན་བཟང་འདེམས་རྒྱུ་དེ་གལ་ཧ་ཅང་ཆེན་པོ་ཞིག་ཡིན་ཞིང་། ཞིང་མུའུ་རེར་ས་བོན་ཐུམ་ཐུམ2(ཁེ20)དགོས་པའི་དབང་དུ་བཏང་ན་ངེད་ཚང་ལ་ཚལ་ཞིང་མུའུ4ཡོད་པས་ས་བོན་ཐུམ་ཐུམ8དགོས་ཀྱིན་འདུག སྤུས་ལེགས་དང་ཐོན་ཚད་མཐོ་བའི་དམིགས་ཡུལ་འགྲུབ་པའི་ཆེད་དུ་མྱུ་གུ་སྤོས་འདེབས་བྱེད་སྐབས་ཆུ་ལུད་རྒྱག་དགོས་པས་མ་ཚད་ཏན་ལིན་ལུད་རྫས་དང་ཞིང་པའི་ཁྱིམ་ལུད་གཉིས་མཉམ་པོར་བཀོལ་སྤྱོད་བྱ་དགོས་པ་ལས་གཅིན་རྒྱུ་དང་ཐཱན་རྒྱུ་སོགས་ཁོ་ནར་བརྟེན་ནས་བཀོལ་སྤྱོད་བྱས་ན་ཚལ་རིགས་ཀྱི་སྤུས་ཀ་ཞན་པར་འགྱུར་བའི་ཉེན་ཁ་ཡོད་པ་རེད་ཅེས་བཤད།

   ཐོན་འབབ་ཆེ་བ་དང་ཕན་འབྲས་ཆེ་བ། སྤུས་ལེགས་ཞིང་ལས་འཕེལ་རྒྱས་གཏོང་བའི་ཆེད་དུ་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དུ་དཔྱིད་རྨོད་ཐོན་སྐྱེད་བྱེད་པར་ཁྲིད་སྟོན་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སོན་འདེབས་བྱེད་པ་དང་ལུད་རྒྱག་པ། ཡུར་མ་ཡུར་བ། ཆུ་གཏོར་བ་བཅས་བྱས་ནས་ཁོ་ཚོའི་ཚན་རིག་དང་མཐུན་པའི་རྨོ་འདེབས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག ནད་དང་འབུའི་གནོད་འཚེར་ལྟ་སྐུལ་ཚོད་འཛིན་དང་སྔོན་བརྡ་གཏོང་བའི་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས་ཚང་མར་ཚན་རིག་དང་མཐུན་པའི་སྒོས་གནོད་འགོག་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་ཞིང་སྨན་རྫུན་མར་རྡུང་རྡེག་ཤུགས་ཆེར་བཏང་བས་མ་ཚད། ས་བོན་ཕྱིར་འཚོང་བྱེད་ས་དང་རྫས་འགྱུར་ལུད་སིལ་འཚོང་བྱེད་སར་ཕྱིན་ནས་ཞིབ་བཤེར་ནན་པོ་བྱས་ཏེ། དཔྱིད་རྨོད་དུས་ཀྱི་ཞིང་ལས་དངོས་རྫས་མཁོ་འདོན་བྱ་མི་ཐུབ་པ་དང་།རྫུན་འཚོང་མི་བྱེད་པ།རིན་གོང་མི་སྤར་བ་སོགས་ཀྱི་གནས་ཚུལ་མེད་པར་འགན་ལེན་ཏན་ཏིག་བྱས་པ་རེད།

   ལྷོ་སྒང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀའོ་ཧྲུའུ་པིང་གིས་གསར་འགོད་པར་ཞིང་ལས་ལག་རྩལ་པ་ཚོས་ལོ་ལྟར་ང་ཚོར་ལག་རྩལ་སློབ་སྟོན་བྱེད་སར་འོང་བ་རེད། ངས་བསམ་ན་ད་ལོར་ཚང་མའི་ཡོང་འབབ་ན་ནིང་ལས་ཡག་པོ་ཐོབ་རྒྱུ་རེད། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རྒྱལ་ཁའི་ངང་འཚོགས་ཡོད་ཅིང་། རྒྱལ་ཁབ་ཀྱིས་ཞིང་པར་སྲིད་ཇུས་ཡག་པོ་དེ་བས་མང་པོ་འདོན་རྒྱུ་རེད།ང་ཚོ་ཞིང་པ་ཚོར་འདེབས་འཛུགས་ཐད་ཡིད་ཆེས་ཆེན་པོ་ཡོད་འདུག་ཅེས་བཤད་པ་རེད།

   ད་ལོའི་དཔྱིད་རྨོད་སྔོན་ལ་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་མི་སྣས་ས་བོན་གསར་པ་དང་། རྨོ་འདེབས། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་རྒྱག་པ། ནད་དང་འབུའི་གནོད་འཚེ་འགོག་བཅོས། འགྱིག་ཤོག་ཁེབས་པ། ཞིང་ལས་རྒྱུ་ཆས་བེད་སྤྱོད་གཏོང་བ་སོགས་ཀྱི་ལག་རྩལ་ཤེས་བྱ་དྲིལ་བསྒྲགས་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་ཀར་ཕན་པའི་ལག་རྩལ་མཁོ་འདོན་བྱས་པ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་པོ་བྱ་དགོས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་དངུལ་རྩ་ལས་ཁུངས་ཀྱིས་གཞི་རིམ་མང་ཚོགས་ལ་དངུལ་རྩའི་ཞབས་ཕྱི་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།