ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར180བཏང་ནས་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་རོགས་དངུལ་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2019-03-20

   ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་སྤྱི་ཟླ3པའི་ཚེས16ཉིན་འབྱོར་བའི་གཏམ་གསར། ད་ལོར་རྒྱལ་ཁབ་ཀྱིས་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་རོགས་དངུལ་གྱི་སྲིད་ཇུས་མུ་མཐུད་ནས་སྲ་བརྟན་བཏང་སྟེ། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར180བཏང་ནས་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་རོགས་དངུལ་བྱ་རྒྱུ་རེད།

   ཀྲུང་དབྱང་ཞིང་ལས་ལས་སྒྲུབ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན། ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཚེས16ཉིན་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་ལས་སྒྱུར་བ་དང་རིམ་སྤར་ལས་དོན་ཚོགས་འདུའི་ཐོག ད་ལོར་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་སྲིད་ཇུས་ཐད་ལྗང་མདོག་དང་དགོས་མཁོའི་སྟོན་ཕྱོགས་དམིགས་སུ་ཐོན་པར་བྱས་ནས་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་དང་། འགྱིག་རོ་ཚུར་བསྡུ། སོག་མ་ཐག་གཅོད། ཕྱུགས་ཟོག་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་ཀྱི་འཕྲུལ་ཆའི་སྒྲིག་ཆ་དང་དེ་བཞིན་རི་མ་ཐང་དང་རི་ཁུལ་དང་ཁྱད་ཆོས་ཀྱི་ཐོན་ལས་ལ་དགོས་མཁོ་ཆེ་བའི་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་རོགས་དངུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

   2018ལོའི་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་འཕྲུལ་ཆ་ཅན་དང་ཞིང་ལས་འཕྲུལ་ཆའི་སྒྲིག་སྦྱོར་ཐོན་ལས་སྤོ་སྒྱུར་རིམ་སྤར་བར་སྐུལ་འདེད་མགྱོགས་པོ་གཏང་རྒྱུའི་སྐོར་གྱི་ཁྲིད་སྟོན་བསམ་འཆར་པར་འགྲེམ་བྱས་པ་རེད། དེར་བརྟེན། ཧན་ཁྲང་ཧྥུའུ་ཡིས་ས་གནས་ཁག་གི་ཞིང་ལས་དང་ཞིང་སྡེའི་སྡེག་ཁག་གིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འཕྲུལ་ཆ་ཅན་གྱིས་རྨོད་སློག་དང་འདེབས་འཛུགས། བརྔ་བསྡུས་བཅས་བྱ་རྒྱུའི་ལྷུ་ཚིགས་ནས་རྩི་ཤིང་སྲུང་སྐྱོང་དང་། སྲོ་སྐམ། སོག་མ་ཐག་གཅོད་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་པོ་གཏང་རྒྱུ་དང་། འདེབས་འཛུགས་ལས་རིགས་ནས་འབྲོག་ལས་དང་། ཉ་ལས། སྒྲིག་བཀོད་ཞིང་ལས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་བཟོ་ལས་ཕྱོགས་སུ་བརྒྱ་བསྐྱེད་གཏང་རྒྱུ། ཐང་གཤོངས་ས་ཁུལ་ནས་རི་མ་ཐང་དང་རི་ཁུལ་ལ་རྒྱ་སྐྱེད་གཏང་རྒྱུ་ཡིན་པར་མ་ཟད། བཟོ་ལས་ཆ་འཕྲིན་སྡེ་ཚན་དང་གཞོགས་འདེགས་བྱས་ཏེ་ཞིང་ལས་འཕྲུལ་ཆའི་སྒྲིག་ཆས་ཐོན་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད།

   ཧན་ཁྲང་ཧྥུས་གིས2019ལོར་ཞིང་ལས་འཕྲུལ་ཆ་ཡིས་སློག་འདོན་བཅོས་སྒྲིག་མུའུ་དུང་ཕྱུར་1.4བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། མགོ་ནས་མཇུག་བར་འཕྲུལ་ཆ་ཅན་མངོན་འགྱུར་བྱུང་བའི་དཔེ་སྟོན་རྫོང་ཡོངས་ལ་ཟིན་རྒྱུའི་བརྩོན་ལེན་བྱས་མཐར། གྲོ་དང་། མ་རྨོས་ལོ་ཏོག ཆུ་འབྲས་བཅས་འབྲུ་རིགས་གཙོ་བོ་གསུམ་གཞི་རྩའི་ཐོག་མགོ་ནས་མཇུག་བར་འཕྲུལ་ཆ་ཅན་གྱིས་རྨོ་འདེབས་བྱ་རྒྱུའི་རྣམ་པ་མངོན་འགྱུར་བྱ་རྒྱུ་རེད། ས་བོན་ཞིབ་བཤེར་གཏན་འབེབས་དང་རྨོ་འདེབས་ལམ་ལུགས་གསར་སྒྱུར་སོགས་ཀྱི་ཐད་ནས་འཕྲུལ་ཆ་ཅན་གྱི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་དེ་གཞི་རྩའི་དམིགས་འབེལ་བྱས་ནས་སོན་བཟང་དང་། འདེབས་སྟངས་བཟོ་བཅོས། ས་རྒྱུ་གཤིན་པོ། འཕྲུལ་ཆ་ལེགས་པོ་བཅས་ལེ་ལག་ཚང་པོ་ཡོང་རྒྱུར་སྐུལ་འདེད་གཏང་རྒྱུ་རེད་ཅེས་བཤད་པ་རེད།

   ཧན་ཁྲང་ཧྥུའུ་ཡིས་ཚད་གཞི་མཐོན་པོའི་ཞིང་ཁ་འཛུགས་སྐྲུན་དང་ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བའི་ལས་ཀའི་ནང་ཞིང་ལས་འཕྲུལ་ཆ་ཞིང་ཁའི་ཐོག་སྤྱོད་ཐུབ་པ་བྱ་རྒྱུ་དེ་དམིགས་འབེན་གལ་ཆེན་དུ་བརྩིས་ཏེ་ཞིང་ཁ་ཆུང་བ་ནས་ཆེ་བའི་བར་དང་། ལྡེབས་ནས་ཐང་གཤོངས་བར། ཀྱག་ཀྱོག་ནས་དྲང་པོར་བསྒྱུར་རྒྱུ་བཅས་ལ་སྐུལ་འདེད་གཏང་རྒྱུ་དང་། རི་མ་ཐང་དང་རི་ཁུལ་གྱི་ས་ཞིང་འཕྲུལ་ཆ་ཅན་སྤྱོད་རྒྱུར་འཚམ་པར་བཟོ་བཅོས་བྱེད་པའི་དུས་མཚུངས་སུ། ཞིང་ལས་འཕྲུལ་ཆ་ཐུན་མོང་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་ཞིང་དུད་ཆུང་གྲས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:གོ་ཧྲིན་ཁུན་གྱིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས།
  • ལེ་ཚན་རྗེས་མ།:འགྱུར་རྡོའི་གསང་བ་ཤེས་རྟོགས་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།