ལམ།

སྤེན་ཚེ་གཞོན་པ།        2019-03-18

   ལམ་ལ་རྐང་ལམ་དང། གཞུང་ལམ། ལྕགས་ལམ། མཁའ་ལམ། ཆུ་ལམ་སོགས་མང་པོ་ཡོད།

   ང་ཚོ་མི་སོ་སོ་ལ་ཡང་རང་རང་གིས་བདམས་པའི་ལམ་རེ་རེ་ཡོད། ལམ་དེ་རྡོག་པས་བགྲོད་དགོས། ལམ་དེར་བརྩོན་པས་འཇུག་དགོས། ལམ་དེ་སྤོབས་པས་བགྲོད་དགོས།

   ལམ་དུ་མེ་ཏོག་གི་འཛུམ་མདངས་བཞད་སྲིད་ལ། ལམ་དུ་འཇའ་འོད་ཀྱི་གུར་ཁྱིམ་སྙིང་དུ་སྡུག་སྲིད། ལམ་དུ་ཁ་ཆར་བུ་ཡུག་གི་བཅར་རྡུང་ཕོག་སྲིད་ལ། ལམ་དུ་སད་དང་སེར་བའི་བརྙས་གཙེས་རྒོད་སྲིད།

   ལམ་དེ་འོ་སྐོལ་སོ་སོས་བདམས་པས་འཁང་ར་ཡི་སྨྲེ་སྔགས་དང། སྡུག་ཡུས་ཀྱི་ཀུ་ཅོ་ཤོད་ས་ཞིག་གང་ན་ཡོད། ཡིན་ནའང་། ང་ཚོས་བདམས་ཟིན་པའི་ལམ་དུ་ཁ་ཆར་གྱི་མནར་གཅོད་གོས་སུ་གྱོན་ནས། སད་སེར་གྱི་བརྙས་གཙེས་ཁྱད་དུ་བསད་ནས། ཉི་འོད་ཀྱི་དྲོད་ཁོལ་དང་མེ་ཏོག་གི་འཛུམ་མདངས་སྙིང་དུ་བསྒོམས་ནས་ངལ་དུབ་ཀྱི་འཁུན་སྒྲ་མ་འདོན་པར་དཀའ་སྤྱད་ཁྱད་བསད་དང་། འབད་པ་བརྒྱ་དང་བརྩོན་པ་སྟོང་གི་སྙིང་སྟོབས་ཤིག་གིས་ལམ་གྱི་མཐའ་རུ་ངེས་པར་སྙེག་དགོས།

   འུ་ཅག་ཚོ་ལ་ལམ་གྱི་འགོ་ནས་རྡོག་སྣེ་སྤོས་མ་ཉིད་དུ་ཡིད་སེམས་ལ་སྤོབས་པས་ཁེངས་ཤིང་། ལུས་ཀྱི་བྱང་ཁོག་ཀུན་ལ་སྔར་མེད་ཀྱི་སྟོབས་ཤུགས་ལྷག་པར་རྒྱས་ཤིང་། ངར་ཤུགས་ཆེན་པོས་གོམ་པའི་འདེགས་འཇོག་སྐྱེན་པོས་མདུན་ཕྱོགས་སུ་བསྐྱོད་དེ་འཕྲལ་མ་ཉིད་དུ་ལམ་གྱི་མཐའ་རུ་བསླེབས་ན་སྙམ་པའི་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་ཀྱང་། ལམ་ལ་སོང་ནས་ཡུན་རིང་མ་འགོར་བར་ལམ་དཀྱིལ་གྱི་འདམ་རྫབ་ལ་བྱིང་ནས་ཡར་ཐོན་པའི་ནུས་པ་དང་སྤོབས་པ་ཡེ་ནས་མེད་པར་གྱུར་པ་དང་། སྐབས་རེ་དཀན་གཟར་བའི་ངམ་གྲོག་མཐོང་མ་ཉིད་དུ་བླ་རྩ་འདར་ནས་རྐང་ཟུང་མདུན་དུ་སྐྱོད་པའི་སྤོབས་པ་ཟད་པ་དང་། ཡང་སྐབས་རེ་ཚེར་བཤུལ་གྱི་ལམ་ཕྲན་བརྒྱུད་དུས་ཚེར་མའི་མཆེ་སྡེར་བརྐྱངས་པ་ཙམ་གྱིས་རང་བློ་བག་འཁུམ་པར་གྱུར་ནས་ཧད་དེ་སྡོད་ཀྱིན་ཡོད། མདོར་ན་སྐྱོད་པའི་ལམ་གྱི་མཐའ་ད་དུང་མ་མཐོང་ཡང་རང་ཉིད་ཀྱི་ལུས་སེམས་ཀྱི་མཁའ་དབྱིངས་སུ་བག་འཁུམ་དང་ཨ་ཐང་ཆད་པའི་སྣང་བ་ཞིག་སྨུག་སྤྲིན་བཞིན་འཐིབ་འོངས་ཏེ་རྐང་ཟུང་མདུན་ཕྱོགས་སུ་སྤོས་པའི་སྤོབས་པ་ཀུན་ནས་བཅོམ་སྟེ་ལམ་དཀྱིལ་དུ་ཧད་དེ་སྡོད་ཀྱི་ཡོད།

   ང་ཚོ་ལ་ལམ་ལ་འཇུག་མ་ཐག་ཏུ་མེ་ཏོག་གི་འཛུམ་མདངས་འདོད་ཅིང་། དཀའ་སྡུག་གི་ཁུར་པོ་འཁུར་མི་འདོད་ན། ནམ་ཡང་ལམ་གྱི་མཐའ་རུ་སྙེགས་ཐབས་ལར་ནས་མེད་དོ། །

   ང་ཚོ་ལ་ད་དུང་དཀའ་སྤྱད་འཁུར་བཟོད་ཀྱི་སྙིང་སྟོབས་མི་འདང་ཞིང་། དཀའ་ངལ་ལ་ཁ་གཏད་གཅོག་པའི་ངང་རྒྱུད་རིང་པོ་ཞིག་དང་སྨྱུག་རུས་ཤིག་མི་གདེང་བས། ག་དུས་ཡིན་ཡང་མིག་མདུན་དུ་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་ཁོ་ན་འདོད་ཀྱིན་ཡོད། དེ་ལྟར་ལམ་གྱི་ཆར་དྲག་རླུང་འཚུབ་ཀྱི་དཀའ་སྡུག་མྱངས་མི་འདོད་ན། ནམ་ཡིན་ཡང་མཛེས་སྡུག་གི་འཇའ་ཚོན་མཐོང་མི་ཐུབ་བོ།།


  • ལེ་ཚན་སྔོན་མ།:སྐྱོ་གདུང་།
  • ལེ་ཚན་རྗེས་མ།:སྤང་རྒྱབ་ཐང་ཤིང་།