ཕ་ཡུལ།

སྦྲ་དུངས་སེམས        2019-03-18

བྱིས་དུས་སུ་རྩེད་ར་བསྒྲིགས་དུས།

ཕ་ཡུལ་སེམས་ཀྱི་རི་མོ་ཆུང་ངུ་དེ།

ཇི་ལྟར་བྲིས་ཀྱང་།

ཕ་ཡུལ་གྱི་རི་ལུང་ནགས་གསུམ་ལ་ཟད་མཐའ་མེད།


གཞོན་དུས་སུ།

ཕུགས་འདུན་གྱི་སླད་དུ་གཤོག་པ་བརྐྱངས་དུས།

ཕ་ཡུལ། ཞེན་ཆགས་ཁྲོད་ཀྱི་གཞིས་ཁྱིམ་དྲོད་མོ་དེ།

ནམ་ཞིག་ན་ཕྱིར་ལོག་ཡོང་དུས།

ཕ་ཡུལ་ཉལ་ས་དྲོད་པོ་ཞིག་ཡོད་པ་ངང་གིས་ཚོར།


རྒས་དུས་སུ།

འཆི་བདག་གིས་བདག་གི་ཚེ་སྲོག་ལ་ལག་པས་སྙོབ་དུས།

ཕ་ཡུལ། བདག་གི་ཕུང་བོ་མེ་མཆོད་འབུལ་སའི་གནས་མལ་དེ།

བདག་གི་རུས་ཐལ་གཙང་བོའི་ནང་དུ་གཏོར་ཏེ།

བདག་ཕ་ཡུལ་གྱི་པང་ནས་མེས་པོ་དང་མཉམ་དུ་གཟིམས།


གང་ལྟར།

ཕ་ཡུལ་གྱི་རི་ལུང་ནགས་གསུམ་གྱི་རྗེས་ན།

བདག་གི་དགའ་སྐྱོ་ཆགས་གསུམ་གྱི་གཏམ་རྒྱུད་ཡོད་ལ།

ཕ་ཡུལ་གྱི་རྟ་ནོར་ལུག་གསུམ་གྱི་རྨིག་རྗེས་ཁྲོད་ན།

གླེང་མི་ཚར་བའི་མཚར་སྡུག་གི་གནའ་གཏམ་མང་།


  • ལེ་ཚན་སྔོན་མ།:སྟོན་གྱི་དགའ་སྐྱོ།
  • ལེ་ཚན་རྗེས་མ།:ལས་དབང་།