སྟོན་གྱི་དགའ་སྐྱོ།

ལྷོ་སྨོན།        2019-03-18

སྟོན་རླུང་ངར་མ་ལྡང་སོང་། །

ལོ་སེར་ས་ལ་ལྷུང་སོང་། །

སྐྱོ་བའི་མིག་ཆུ་ཕྲ་མོ། །

ས་གཞིའི་རུམ་ལ་སྦས་སོང་། །


སྟོན་ཁའི་ལོ་ལེགས་ཡག་སོང་། །

འབྲས་བུའི་མེ་ཏོག་འཐོར་སོང་། །

མི་རྣམས་དགའ་བས་མྱོས་པའི། །

གླུ་སྒྲ་རྣ་བར་སྙན་སོང་། །


ལྗང་མདོག་འཇིག་རྟེན་དྲོད་མོ། །

སེར་པོའི་གོས་ཀྱིས་གཡོགས་སོང་། །

དགུན་རླུང་གྲང་མོ་བསམ་དུས། །

སེམས་པ་འཁྱགས་ལ་བཏང་སོང་། །


སེར་མདོག་ཞིང་འདི་ཡལ་རྗེས། །

སྐྱ་བོའི་ཐང་དེ་དྲན་འོང་། །

ཁ་བའི་འདབ་མ་བསམ་དུས། །

བརྩེ་བའི་འཛུམ་ཆུང་ཤོར་འོང་། །


ལོ་འདབ་རླུང་པོས་འཁྱེར་སོང་། །

ཁུ་བྱུག་མོན་ལ་ལོག་སོང་། །

གཞན་ཡུལ་འགྲིམ་པའི་བུ་ཆུང་། །

ཕ་ཡུལ་དྲན་པས་སྐྱོ་སོང་། །


ཉི་མ་འཆར་བཞིན་བཞུད་འགྲོ།།

མེ་ཏོག་བཞད་བཞིན་སྐམ་འགྲོ། །

མི་ཚེ་སྤྱོད་བཞིན་ཟད་འགྲོ། །

ལྡོག་མེད་འཇིག་རྟེན་ཆོས་ཉིད། །


  • ལེ་ཚན་སྔོན་མ།:མི་ཉག་སྐྱ་གད་ཡུལ་ལ་བསྟོད་པ།
  • ལེ་ཚན་རྗེས་མ།:ཕ་ཡུལ།