སྙིང་སྡུག

གེ་སར་ཅན།        2019-03-15

ང་སྙན་ངག་པ་མིན།

ངས་སྙན་ངག་འབྲི་མི་ཤེས།

འོན་ཀྱང་།

ངས་སྔ་ས་ནས་ཁྱེད་ལ་སྙན་ངག་ཅིག་

འབྲི་བར་འདོད།

རང་སེམས་གཙང་མའི་གསང་བ་དེ་

སྙན་ངག་ལ་འབད་པར་འདོད།

དཀར་གཙང་གི་ཤོག་བུའི་ངོས་སུ།

ཁྱག་ཁྱོག་གི་ཡིག་ཆུང་ཞིག་

འབྲི་བར་འདོད།

དུས་ནམ་ཞིག་ང་རང་ལ་དབང་

བའི་སྔོ་སངས་ཀྱི་ནམ་མཁའ་རུ།

ཁྱེད་ཀྱི་དཀར་གསལ་གྱི་ཟླ་བ་དེ་

འཆར་བའི་རེ་སྒུག་བྱེད་པར་འདོད།

སྔར་སོང་གི་ལོ་ཟླ་

དྲག་ཆར་དང་རླུང་འཚུབ་

ཁྲོད་དུ་འདས།

སྤར་མཐིལ་དུ་ཉར་བའི་

ངའི་དྲན་ཤེས་ཀྱི་ཡལ་ག་རེ་རེ་ལ།

ལོ་ཟླ་ཡི་མེ་ཏོག་ཐེའུ་རེ་རེ་བཞད།

ངའི་རྗོད་བྱེད་ཚིག་གི་མགུལ་ལ།

སྙན་ངག་དང་མངོན་བརྗོད་ཀྱི་

མགུལ་རྒྱན་མེད།

འོན་ཀྱང་།

སེམས་གཏིང་གི་སྐད་ཆ་མང་དག་ཅིག

ལོ་ཟླ་རེ་རེའི་ནང་བཞད་པའི་མེ་

ཏོག་གི་ཁྲོད་དུ།

ཁྱེད་ལ་འཆད་པའི་ཁོམ་པ་སྒུག་ཡོད།

ངས་ཁྱེད་རང་དྲན།

གླུ་ཞིག་གི་ནང་ནས་ཁྱེད་རང་དྲན།

སྔར་སོང་གི་དགའ་སྐྱོ་བསྡེབས་ནས་དྲན།

གླུ་དེའི་མིང་ལ་ཅི་ཟེར།

ཁྱེད་ཀྱི་དྲན་ཨེ་རེད།

སྤེན་པ་བདེ་སྐྱིད་ཀྱིས་བཏང་བའི་

སྙིང་སྡུག་ལགས་ཞེས་པ་དེ།

དུས་ཀྱི་རྟ་ཕོར་རྟ་སྒ་སྒྲོན་ཡོད།

འོན་ཀྱང་།

རྐང་ཡོབ་དང་སྲབ་མདའ་མེད་པས།

རྟ་ཁ་དགག་ནི་མི་ཐུབ་ལ།

རྟ་ཁ་བསྒྱུར་ཡང་མི་ཐུབ།

ལོ་ཟླ་དེ་དག་ནང་།

སྒང་གཤོངས་དང་འབར་འབུར་ཁྲོད་དུ་

ཁྱེད་རང་ལ་ང་ཡི་སེམས་པའི་ཡིག་ཆུང་

ཞིག་དབྱངས་རྟར་ཕབ་ནས་བསྐུར་རྒྱུ་

བྱུང་མ་སོང་བས།དེ་རིང་ངས་སྤེན་

པ་བདེ་སྐྱིད་ཀྱིས་བཏང་བའི་སྙིང་སྡུག་

ལགས་ཞེས་པ་དེ་ཡིག་ཆུང་འདིའི་རྒྱབ་

དབྱངས་སུ་བཞག་སྟེ།

ཁྱེད་ལ་སེམས་པའི་ཡིག་ཆུང་འདི་

བསྐུར་ཡོད།

དང་ལེན་གནོངས་དང་།

སྙིང་སྡུག་ལགས།


  • ལེ་ཚན་སྔོན་མ།:ཚིག་གི་སྲད་བུར་སྟར་བའི་དབྱངས།
  • ལེ་ཚན་རྗེས་མ།:མི་ཉག་སྐྱ་གད་ཡུལ་ལ་བསྟོད་པ།