སྤྱི་དོན་སྒྲུབ་ན་སྒེར་དོན་ལས་ཀྱིས་གྲུབ།

སྤེན་ཚེ་གཞོན་པ།        2019-03-15

   དུས་རབས་འཕེལ་རྒྱས་ཀྱི་འཕོ་འགྱུར་ནི་གློག་གི་འགྲོས་ལས་སྐྱེན་པས། ང་ཚོ་རང་ཉིད་ཀྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་འདི་ཉིད་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་མོའི་རླབས་རྒྱུན་དང་བསྡོངས་ནས་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་པའི་དཔལ་ཡོན་སོགས་ཕྱོགས་གང་ས་ཅི་ཐད་ལ་འཕོ་འགྱུར་འགྲོ་དང་འགྲོ་བཞིན་མཆིས།

   འཚོ་བའི་དཔལ་འབྱོར་དབྱར་གྱི་མཚོ་མོ་བརྡོལ་འདྲའི་ད་ལྟའི་སྐལ་པ་བཟང་པོའི་དུས་སྐབས་འདིར་ང་ཚོ་སྐྱེ་འགྲོ་མང་ཆེ་བ་ཡང་ཕྱི་དངོས་པོའི་དཔལ་འབྱོར་ལ་དུང་ཞེན་ལྷག་པར་ཆེ་བར་གྱུར་ཞིང། ནང་བསམ་པའི་དཔལ་ཡོན་ཡར་རྒྱས་གཏོང་རྒྱུ་ལྷོད་གཡེངས་སུ་ཤོར་འགྲོ་བའི་སྣང་ཚུལ་ཞིག་གང་སར་མཆེད་བཞིན་ཡོད་པས། ང་ཚོ་མི་མང་པོ་ཞིག་གི་བདག་འཛིན་གྱི་ལྟ་བ་དེ་ཡང་དམ་ནས་དམ་དུ་འགྲོ་བཞིན་ཡོད། དཔེར་ན་ངའི་གཡས་གཡོན་གྱི་རྒྱལ་ཁབ་ཀྱི་གླ་ཕོགས་ལེན་མཁན་མི་ཉུང་བ་ཞིག་གིས་གཞུང་དོན་སྒྲུབ་སྐབས་རང་གི་ཕྲག་ཏུ་ཕབ་པའི་ལས་འགན་དེ་བཤོལ་གང་ཐུབ་ཀྱིས་རང་ལ་སྤྲད་པའི་གླ་ཕོགས་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་ཕར་བཞག ཐ་ན་གླ་ཕོགས་དང་ཆ་མཚུངས་པའི་ལས་འགན་ཞིག་ཀྱང་སྒྲུབ་མ་ནུས་པར་གཞུང་དོན་ཞོར་ལས་ལྟ་བུར་རྩིས་ནས་ནམ་ནམ་ཞར་ཞར་ལ་རང་སྒེར་གྱི་བྱ་བ་ཆེ་ཕྲ་ཆུང་གསུམ་ཚང་མར་བརྩོན་པས་སྒྲུབ་པ་དང་། གཞུང་དོན་སྒྲུབ་པར་རང་གི་ལུས་སེམས་གཉིས་ཀར་ལེ་ལོའི་ལྕགས་སྒྲོག་དམ་པོར་བཅིངས་ཏེ་ཉི་མ་གང་འཁྱོལ་ཁོ་ནས་རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བ་ཁོ་ན་བསྒྲུབས་ཏེ་མི་ཚེ་དོན་མེད་ཆུད་ཟོས་སུ་གཏོང་གིན་ཡོད་དེ། དེ་ལྟ་བུའི་སྐྱེ་བོས་དཀའ་ངལ་མཐོང་ན་རྒྱང་ནས་གཡོལ་ནས་འགྲོ་བ་དང་། ཟ་རྒྱུ་མཐོང་ན་ཁྱི་བཞིན་རྒྱུག་ནས་ཡོང་བ། དམའ་བའི་མདུན་སར་ཁ་ཕོ་འུད་སྒྲོག་ཆེ་བ་དང་། མཐོ་བའི་དྲུང་དུ་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུར་གོམས་པ། དཀའ་ལས་ཤིག་ཙམ་བརྒྱབ་ན་བྱས་ཡུས་རི་ཙམ་བཤད་པ་སོགས་ཀྱི་བགྱི་བ་ཁོ་ན་བརྩམ་པས་གནས་སྐབས་ལམ་དུ་འགྲོ་ཡང་ཕུགས་སུ་ས་བོན་མེ་ཡིས་ཚིག་པ་ལ། མྱུ་གུ་སྔོན་པོ་ཇི་ལྟར་སྐྱེ་བ་བཞིན་རང་སྒེར་ལ་ཐོབ་དགོས་ངེས་ཀྱི་ཐོབ་ཆའང་མ་འཐོབ་པར་རང་ཉིད་ལ་གྱོང་གུད་དང་། རྟག་ཏུ་སྐྱེ་བོ་གཞན་ཚོས་ཀྱང་ཁྱོད་ཀྱི་བྱེད་སྟངས་ལ་ཞེ་ལོག་ནས་སྦྱར་སྡོང་རྐང་གཅིག་ལྟར་གྲོགས་མེད་ཁེར་རྐྱང་དུ་བྱ་ཚོགས་དབུས་ནས་བྲལ་བའི་བྱིའུ་ཕྲུག་དང་། ལུག་ཁྱུ་ནས་བྲལ་བའི་ལུ་གུ་ཇི་བཞིན་སྐྱོབ་མེད་མགོན་མེད་དུ་ལུས་པ་ནི་ཅི་འདྲའི་ཡ་ང་བ་ཞིག་མ་རེད་དམ།

   དེ་ལས་ལྡོག་སྟེ་དུས་རྟག་ཏུ་སྤྱི་དོན་ཁོ་ན་ལ་གཞོལ་ཆེ་བའི་འགན་ཁུར་གྱི་བསམ་པ་ལྡན་པའི་སྐྱེ་བོ་དེ་དག་གིས་རང་སྒེར་གྱི་དོན་ཆུང་དག་བསྐྱུར་ནས་རང་གི་ཕྲག་ཐོག་ཏུ་ཕབ་པའི་འགན་འཁྲི་འཁུར་དུ་བླངས་ནས་སྤྱི་དོན་གཞན་ཕན་གྱི་བྱ་བ་འབའ་ཞིག་ལ་འབད་པ་འཇུག་པས།རེ་ཞིག་ལུས་པོ་ཅུང་ཟད་ངལ་ན་ཡང་སེམས་ལ་རྫོགས་མཐའ་མེད་པའི་བདེ་བ་ཆེན་པོ་ཞིག་སྐྱེ་གི་ཡོད་ལ།དེ་བཞིན་དུ་རང་ཉིད་ལ་བཀུར་འོས་ཀྱི་གོ་ས་དང་ཐོབ་འོས་ཀྱི་ཐོབ་བྱ་དག་རྩོལ་བ་ཆེན་པོ་བྱེད་མི་དགོས་པར་རང་བཞིན་གྱིས་བྱུང་བ་དེ་ནི་ལོ་ཏོག་དོན་དུ་གཉེར་ན། སོག་མ་ཞར་ལ་འབྱུང་བའི་དཔེ་བཞིན་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་འབའ་ཞིག་ཏུ་འཁུམས་སོ།།

   དེས་ན། ང་ཚོ་མགོ་ནག་ཀུན་ཀྱང་འཇིག་རྟེན་འདིའི་སྟེང་སྨྲ་ཤེས་དོན་གོ་བའི་མི་ཡི་ལུས་ཅན་འདི་ཉིད་དུ་སྐྱེས་པ་ནས་རང་ཉིད་ཀྱི་རྒྱུད་ལ་ཡང་དག་པའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་སོགས་ལྟ་བ་བཟང་པོ་འཇགས་པ་བྱས་ནས། རྒྱུ་འབྲས་མི་བསླུ་བའི་ཆོས་ཉིད་ལེགས་པར་བསམས་ནས། ང་ཚོས་མི་ཟས་ཟས་པའི་རྗེས་འབྲས་སུ་སྤྱི་དོན་གཞན་ཕན་གྱི་བྱ་བ་མང་ཙམ་བསྒྲུབ་ན། ད་གཟོད་རང་གི་ཁྱིམ་ཐབ་མདུན་མ་སོགས་རང་བཞིན་གྱིས་སྟབས་འགྲིག་ངེས་ཡིན་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་རིན་ཆེན་མི་ཡི་ལུས་རྟེན་འདི་ཉིད་ཐོབ་པའི་དོན་སྙིང་ཡང་མཚོན་ཐུབ་ངེས་རེད་དེ། དེ་ལས་ལྡོག་ན། ནམ་ཞིག་རང་ཉིད་འཇིག་རྟེན་འདི་ནས་བྲལ་དུས་ཀྱང་འགྱོད་སེམས་ཀྱི་འཁུར་པོ་ལྕི་མོ་ཞིག་ཁུར་ཏེ་མི་བྲལ་ཀ་མེད་ལགས་སོ།།


  • ལེ་ཚན་སྔོན་མ།:མར་མེ།
  • ལེ་ཚན་རྗེས་མ།:སྐྱོ་གདུང་།
  • རྩོམ་གསར། 10