རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་བསྟན་དོན། སྔར་ལྷག་གིས་དངུལ་རྩས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ།

        2019-03-15

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ3པའི་ཚེས7ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག་བཤད་དོན། དངུལ་རྩས་དབུལ་སྐྱོར་བྱེད་པ་ནི་དབུལ་ཐར་འགག་སྒྲོལ་ནང་གོ་གནས་ཧ་ཅང་གལ་ཆེན་པོ་བཟུང་ཡོད་པར་བརྟེན། དངུལ་རྩ་སྡེ་ཁག་གི་སྟོབས་ཤུགས་གཙོ་བོ་ཡིན་པས་སྔར་ལྷག་གིས་དངུལ་རྩས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་པ་རེད།

   ལིའུ་ཡུང་ཧྥུས་བཤད་དོན། ད་ལྟར་དངུལ་རྩས་དབུལ་ཐར་འགག་སྒྲོལ་ལ་ཞབས་ཕྱི་ལས་ཀ་ཧ་ཅང་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། ང་ཚོར་དབུལ་སྐྱོར་གྱི་འབོར་ཆུང་དངུལ་བུན་དང་དབུལ་སྐྱོར་གྱི་དངུལ་བུན་ཡང་བསྐྱར་ཞུ་རྒྱུ་ཡོད་པར་མ་ཟད། ད་རུང་དབུལ་སྐྱོར་གྱི་དངུལ་རྩའི་བུ་ལོན་ལེན་རྒྱུ་ཡོད་པར་བརྟེན། ལོ་རེར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བའི་དངུལ་རྩ་དབུལ་ཕོངས་ས་ཁུལ་དང་དབུལ་ཐར་འགག་སྒྲོལ་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་གཞིའི་ཐད་གཏང་རྒྱུ་ཡིན་པ་རེད།

   ལིའུ་ཡུང་ཧྥུས་བཤད་དོན། ང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་འགོ་འཛུགས་སྐབས་མ་དངུལ་མི་འདང་བའི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་དབུལ་སྐྱོར་གྱི་འབོར་ཆུང་ཡིད་རྟོན་དངུལ་བུན་འདོན་སྤྲོད་བྱ་རྒྱུ་ཡིན་ཞིང་། སྒོར་ཁྲི5མས་ཆད་ཡིན་ཕྱིན་ལོ་གསུམ་གྱི་ནང་བར་མི་དང་གཏའ་མ་འཇོག་མི་དགོས་པ་རེད། དངུལ་རྩ་ལས་ཁུངས་ཀྱིས་གཞི་རྩའི་ཚད་གཞི་ལྟར་དངུལ་བུན་བཏང་བ་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར5500ལ་ཟིན་པ་རེད། གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱེད་པར་དམིགས་ཏེ་དངུལ་རྩ་ལས་ཁུངས་ཀྱིས་དུས་ཡུན་རིང་བ་དང་འབྲིང་བའི་དངུལ་བུན་སྒོར་དུང་ཕྱུར1000ལྷག་བཏང་ཡོད་པ་རེད།

   ལིའུ་ཡུང་ཧྥུས་དངུལ་རྩ་སྡེ་ཁག་ལ་མུ་མཐུད་ནས་ལས་ལུགས་ཡག་པོ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔར་ལྷག་གིས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཁྱད་པར་དུ་ཧ་ཅང་དབུལ་ཕོངས་ས་ཁུལ་དང་། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལས་གཞི། གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་སོགས་ལ་གཟིགས་སྐྱོང་བྱ་རྒྱུ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་ཐད་རྒྱབ་སྐྱོར་དེ་བས་ཆེན་པོ་བྱ་རྒྱུའི་རེ་འདུན་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དམག་དཔུང་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོཊ་ལ་ཞུགས།
  • ལེ་ཚན་རྗེས་མ།:ནོར་སྲིད་པུའུ་ཡིས་བསྟན་དོན། ད་ལོར་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཉུང་འཕྲི་གཏོང་བའི་ནང་དཔྱ་ཁྲལ་ཆག་ཡང་གཏོང་ཚད་ཀྱིས་བཅུ་ཆ་བདུན་བཟུང་བ།
  • དོ་སྣང་ཆེ་བའི་རྩོམ།