ཞི་ཅིན་ཕིང་དམག་དཔུང་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོཊ་ལ་ཞུགས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-03-14

  

ཞི་ཅིན་ཕིང་དམག་དཔུང་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོཊ་ལ་ཞུགས།

   ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཕེབས་ཞུགས་གནང་སྐབས་རང་དམག་འཛུགས་སྐྱོང་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་དམིགས་འབེན་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་བ།

   ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས12ཉིན་གྱི་ཕྱི་དྲོ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་གནང་སྐབས། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཟིན་པ་དང་། ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡིན་ལ། རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་དོན་འཁྱོལ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ་༢༠༢༠ལོའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན་པས། དམག་ཡོངས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་དོན་འཁྱོལ་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ། ཆོད་སེམས་དང་སྙིང་སྟོབས་མི་ཉམས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། རྣོ་ངར་ཆེན་པོས་གསར་གཏོད་ཡར་བརྩོན་བྱེད་པ། འཆར་འགོད་དོན་འཁྱོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས། གཏན་འཁེལ་ཟིན་པའི་དམིགས་འབེན་ལས་འགན་དུས་ཐོག་ཏུ་ལེགས་གྲུབ་ཡོང་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

     ཚོགས་འདུའི་ཐོག་ཀྲང་དབྱིས་ཧུའུ་དང་། ཝང་ཧུའེ་ཆིན། ལི་ཅུན། ཀྲུའུ་ཁྲེང་། ཝང་ཉིང་། པའོ་ལིན། ཏང་ཙེང་ལུང་། ཁྲེང་ཅན་ཧྥེ་སོགས་འཐུས་མི་བརྒྱད་ཀྱིས། དམག་དོན་དགོས་མཁོའི་འདྲེན་འཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། རང་དམག་འཛུགས་སྐྱོང་གི་འཆར་འགོད་དོན་འཁྱོལ་ཡག་པོ་བྱ་རྒྱུ། དྲག་ཆས་ཉེན་རྟོག་དཔུང་སྡེའི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། མཐའ་སྲུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་དཔོན་དམག་གི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ། གླ་ལེན་ཞབས་ཞུ་ཁྱོན་ཡོངས་ནས་འཚམས་འཇོག་བྱ་རྒྱུ་སོགས་ཀྱི་གནད་དོན་ལ་གཞིགས་ནས་གཏམ་བཤད་སྤེལ་ཡོད།

     འཐུས་མིའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད་པ་དང་། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམག་འཁྲུག་གྲ་སྒྲིག་དང་གཡུལ་འགྱེད་བྱ་རྒྱུའི་ཐད་སྟོབས་ཤུགས་གཅིག་བསྡུས་བྱེད་པ། བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས། ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་ཡོད།

     ཞི་ཅིན་ཕིང་གིས་དམག་དཔུང་འཛུགས་སྐྱོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ནི་སྤྱི་ལོ་༢༠༢༠ལོའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱེད་པའི་མཇུག་བསྡུའི་འཆར་འགོད་ཡིན་པ་དང་། མཇུག་ཡག་པོ་བསྡུ་ཐུབ་མིན་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་འགག་སྒྲོལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ལྷོད་གཡེངས་གཏན་ནས་མི་གཏོང་བར་ངེས་པར་དུ་དུས་ཐོག་ཏུ་ལེགས་གྲུབ་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་བ་དང་།

     ཞི་ཅིན་ཕིང་གིས། ཁྱོན་ཡོངས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། ལས་འགན་འཆར་གཞི་དང་། སྟོབས་ཤུགས་འབྱུང་ཁུངས། དོ་དམ་རྒྱུད་རིམ་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། འཛུགས་སྐྱོང་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་སྤེལ་དགོས། རྣམ་གྲངས་རིགས་པས་ཁུངས་སྐྱེལ་དང་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་སྲུང་བ་དང་། ཞིབ་མཆན་འགོད་སྟངས་གསར་གཏོད་བྱས་ནས།  ལས་འཛུགས་ཞིབ་མཆན་འགོད་པའི་ལས་ཆོད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།

      ཞི་ཅིན་ཕིང་གིས། ཁྱབ་ཁོངས་བརྒལ་བ་དང་། སྡེ་ཁག་བརྒལ་བ། དམག་དཔུང་དང་ས་གནས་བརྒལ་བ་བཅས་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་མཐུན་སྦྱོར་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཞན་ཆ་གསབ་པ་དང་། འགོག་རྐྱེན་སེལ་བ། དཀའ་གནད་ཐག་གཅོད་བཅས་བྱེད་དགོས། དམག་དཔུང་དང་ས་གནས་གཉིས་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྤུས་ལེགས་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་དང་།

      ཞི་ཅིན་ཕིང་གིས། འཆར་འགོད་ནང་གཏན་འཁེལ་བྱས་པའི་སྤྱིའི་བཀོད་སྒྲིག་ལ་ གཞིགས་ནས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཉེར་མཁོ་དང་། དམག་འཐབ་མ་ལག་གི་འགག་རྩའི་འདེགས་སྐྱོར། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཆ་འགྲིག་བསྒྱུར་བཅོས་སོགས་གཙོ་གནད་རྣམ་གྲངས་མངོན་གསལ་ཆེ་བའི་སྒོ་ནས་དམ་འཛིན་ཡག་པོ་བྱས་ནས། གལ་ཆེའི་འཛུགས་སྐྱོང་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། འགག་རྩའི་ནུས་ཤུགས་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་དགོས། འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། དུས་ཚོད་ཀྱི་སྦྲེལ་ཚིགས་དང་སྤུས་ཚད་ཀྱི་བླང་བྱ་དམ་འཛིན་བཅས་བྱས་ནས། འཕེལ་རིམ་དང་ཚད་གཞིར་མཉམ་དུ་དམ་འཛིན་ཐུབ་པ་བྱེད་དགོས། སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དམག་དཔུང་གི་སྟོབས་ཤུགས་འཛུགས་སྐྱོང་དང་དམག་དོན་དོ་དམ་སོགས་ཐད་ཀྱི་སྲིད་ཇུས་ལམ་ལུགས་འཐུས་ཚང་འཛུགས་རྒྱུ་དམ་འཛིན་ནན་པོ་བྱས་ནས། འཆར་འགོད་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་འགན་སྲུང་ནུས་ལྡན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

      ཞི་ཅིན་ཕིང་གིས། འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས། འཆར་འགོད་དོན་འཁྱོལ་བྱེད་པའི་འགན་འཁྲིའི་མ་ལག་དམ་པོ་ཞིག་ཆགས་པ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་སེམས་ཐག་གཙང་བཅད་ཀྱིས་སྔོན་འགོག་དང་ཁྱད་གསོད་བྱེད་དགོས། ལས་དོན་ལ་སྐུལ་འདེད་ནུས་ཞན་ཡིན་པ་དང་། དོན་འཁྱོལ་ཡག་པོ་མ་བྱུང་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་གནང་བ་དང་།

      ཞི་ཅིན་ཕིང་གིས། རིམ་པ་ཁག་གིས་གྲོན་ཆུང་གི་འཚོ་བ་སྐྱེལ་རྒྱུའི་བསམ་བློ་འཛུགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དམག་ཨུད་ཀྱི་གཏན་འབེབས་དོན་ཚན་བཅུ་ལག་བསྟར་ནན་པོ་བྱེད་པ། དཀའ་སྤྱད་འབད་འཐབ་ཀྱི་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ནས། དངུལ་མཁོ་སར་བེད་སྤྱོད་གཏོང་དགོས་པ་དང་། ནོར་དཔལ་སྒྲིག་སྲོལ་ནན་པོ་བཟོ་བ་དང་། འགྲོ་གྲོན་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒྲིག་བཤེར་དང་སྐོར་ཞིབ། རྩིས་བཤེར་བཅས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱོད་ཚུལ་ངན་པ་དང་རུལ་སུངས་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དམག་དཔུང་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་རིགས་པས་ཁུངས་སྐྱེལ་དང་སྒྲིག་བཟོའི་ལས་དོན་དེ་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དང་བདེ་འཇགས་འཐབ་ཇུས། དམག་དོན་འཐབ་ཇུས་བཅས་ཀྱི་བླང་བྱ་དང་འཚམ་པ་བྱེད་དགོས་པ་དང་། མིག་སྔའི་འཛུགས་སྐྱོང་གི་དོན་དངོས་དང་ཕུགས་ཀྱི་གོང་འཕེལ་དགོས་མཁོར་གཅིག་གྱུར་འཆར་འགོད་བྱེད་པ། དགོས་མཁོ་རིགས་པས་ཁུངས་སྐྱེལ་དང་འཆར་འགོད་འབྲེལ་མཐུད། ལས་འགན་འབྲེལ་མཐུད་བཅས་ཡག་པོ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་འབྲེལ་མཐུད་ལ་སྐུལ་འདེད་ཐེབས་པའི་འགན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

      ཞི་ཅིན་ཕིང་གིས། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཆོད་སེམས་འདོད་འདུན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དམག་ཨུད་ཀྱི་དམག་དོན་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ། དམག་སྦྱོང་དམག་གྲབས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

       ཞི་ཅིན་ཕིང་གིས། དམག་སྲིད་དམག་དམངས་མཐུན་སྒྲིལ་ནི་ང་ཚོའི་ཕུལ་བྱུང་གི་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་བཟང་ཆ་ཡིན། དམག་དཔུང་གིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རོགས་སྐྱོར་ཧུར་ཐག་བྱེད་དགོས་པ་དང་། ཉེན་སེལ་གནོད་སྐྱོབ་སོགས་དཀའ་ཉེན་བྲེལ་ལྕིའི་ལས་འགན་སྒྲུབ་ཕོད་པ། གནས་གཏན་འཁེལ་གྱི་དབུལ་ཕོངས་གྲོང་ཚོ་དང་དབུལ་ཕོངས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དམག་ཞབས་འཐིམས་པའི་དམག་མི་བཀོད་སྒྲིག་དང་། དམག་མི་རྨས་མ་དང་ནད་པ། དབང་པོ་སྐྱོན་ཅན་བཅས་རྩིས་སྤྲོད། དམག་འགྲོགས་ཁྱིམ་མིའི་ལས་ཞུགས། དམག་མིའི་བུ་ཕྲུག་སློབ་གྲྭར་སྐྱོད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དམག་དཔུང་ལ་རམས་འདེགས་བྱས་ནས་གླ་ལེན་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱས་ཏེ། མཉམ་དུ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུལ་ཆི་ལེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

 


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས༡༣པའི་གྲོས་ཚོཊ་ཐེངས༢པ་མཇུག་བསྒྲིལ་བ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་བསྟན་དོན། སྔར་ལྷག་གིས་དངུལ་རྩས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10