ཚིག་གི་སྲད་བུར་སྟར་བའི་དབྱངས།

སྤེན་ཚེ་གཞོན་པ།        2019-03-13

སྟོན་དུས།

ནས་ཞིང་སྐྲ་ལོ་བཅད་ནས་ལྷ་ཆོས་ཞུས།།

སྲན་མ་བསིལ་རླུང་དང་འགྲོགས་གཡེར་དྲིལ་བརྡུངས།།

པད་ཁ་ཚང་ནས་ཐོན་ཏེ་ཞབས་བྲོ་འཁྲབ།།

ཞོག་ཁོག་ལ་ཕུག་ས་སྟེང་གཟིགས་མོར་བྱོན།།

 

སྲིད་པའི་གླུ།

དཀའ་སྡུག་ལམ་གྱི་ཕ་བོང་ཤེད་ཀྱིས་གཤགས།།

བདེ་སྐྱིད་ལམ་བུར་དགའ་བའི་གླུ་སྒྲས་ཁེངས།།

མི་གཙང་ལྗན་ལྗིན་སེམས་ཀྱིས་བྱི་དོར་བྱས།།

ཕན་བདེའི་ཡིག་དྲུག་སྙན་དབྱངས་རྟག་ཏུ་འཇོ།།

 

མ་ཡུམ་མེས་རྒྱལ་ལ་དགའ།

འཛམ་གླིང་སྣ་མང་རྒྱལ་ཁབ་རྒྱུ་སྐར་དབུས།།

འོད་དུ་འཚེར་བའི་གཉིས་སྐྱེས་རྒྱལ་པོའི་དཔེ།།

སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀྲུང་ཧྭ་ཞེས།།

བྱམས་ལྡན་མ་མར་མི་དགའ་བུ་ཕྲུག་སུ།།

 

དགའ་ཞེན།

ཤིན་ཏུ་རྙེད་དཀའི་དལ་འབྱོར་ལུས་རྟེན་འདིར།།

བཟའ་བཏུང་སྤྱོད་ལམ་ཚུལ་བཞིན་བསྟེན་པ་དང་།།

རྟག་ཏུ་གཙང་སྦྲ་འཕྲོད་བསྟེན་ལུས་སྦྱོང་སོགས།།

རྩོལ་བས་སྒྲུབ་ན་དེ་ལ་དགའ་ཞེན་ཡིན།།

 

འཛམ་གླིང་ཞི་བདེའི་ཉི་མོ།

ཡངས་འཇིག་རྟེན་ཡོལ་གོར་གནས་པའི་སེམས་ལྡན་ཀུན།།

གནོད་འཚེ་བའི་བསམ་པ་སྤངས་ཏེ་ཕན་ཚུན་ལ།།

བརྩེ་མ་བུ་ཡི་འདུ་ཤེས་ལྷག་ཏུ་སྐྱེས་གྱུར་ན།།

ཆེ་ཞི་བདེའི་འོད་ཀྱིས་འཇའ་གུར་རྟག་ཏུ་ཕུབ།།

 

གཞན་ནོར་བདག་ཏུ་བཟུང་བ།

འདོད་ཆགས་སེམས་ཀྱིས་མ་བཞག་ཐོབ་འདོད་ཀྱི་འགྲམ་ཆུས།།

རེ་ཞིག་ལོངས་སྤྱོད་རྣམ་ཐོས་སྲས་བུ་ལ་འགྲན་ཀྱང་།།

ནམ་ཞིག་རྣམ་སྨིན་འབྲས་བུ་མགོ་ཐོག་ཏུ་ལྷུང་དུས།།

སྔར་བྱས་ལས་ལ་འགྱོད་ཀྱང་ཕན་པ་ནི་ཅི་མཆིས།།

 

མེས་པོ་དྲན་པ།

ཕ་སྐད་རིན་ཆེན་དང་པོ་ཕྱག་དར་ཁྲོད་དོར་ཞིང་།།

ཕ་ཡིག་དབྱངས་གསལ་སོ་བཞིའི་མགུལ་རྒྱན་དེ་ཕུད་ནས།།

ཕ་ཤུལ་བུས་སྟོངས་རྒྱ་མིན་བོད་མིན་གྱི་ཆས་དེས།།

ཕ་མེས་སྲོང་བཙན་ཐོན་མིའི་མཛད་འཕྲིན་དག་དྲན་བྱུང་།།

 

ཟླ་འོད་འོག་གི་འཁྲེང་སེམས།

ཟླ་གཞོན་འོད་དཀར་ཟེགས་མ་དབྱིག་འཛིན་འདིར་འཐོར་དུས།།

ཟླ་བ་ལྷ་མོའི་མཛེས་སྡུག་བཞིན་དཔལ་དེ་མཇལ་དུས།།

ཟླ་བའི་འོད་ཀྱིས་མི་དོ་རྣམ་དཀར་གྱི་ལྷ་མོ།།

ཟླ་བ་ཁ་ཤས་མ་མཇལ་བྱམས་ལྡན་ཁྱེད་དྲན་བྱུང་།།

 

གྲོང་ཁྱེར་གྱི་མཚན་མོ།

སྣ་ཚོགས་གློག་འོད་གང་སར་མཆེད་པས་བདག་གི་

མིག་ཀྱང་ཕྱིད་ལ་ཁད།།

ནང་མ་ཁང་གི་འུར་ཟིང་སྒྲ་ཡི་བདག་གི་རྣ་བ་འོན་ལ་ཁད།།

ལྟས་ངན་སྲིན་བྱའི་ཐན་སྐད་དྲག་པོས་སེམས་ཀྱི་ཁང་

བཟང་ཡང་ཡང་དཀྲུགས།།

ཁྲ་ཆིལ་གྲོང་ཁྱེར་མི་སེམས་ཁྲ་ཁྲ་བདག་གི་སེམས་

ཉིད་ཁྲ་ཁྲས་སྦགས།།

 

རྨི་ལམ་འདི་ནས་སད་ན་ཅི་མ་རུང་།

དགོས་པའི་བྱ་བ་མི་བསྒྲུབ་བག་གཡེང་དགའ།།

དགོས་མེད་གཏམ་དང་བྱ་བས་ཉིན་མཚན་ཟད།།

ཟང་ཟིང་མི་ཚེ་རྨི་ལམ་ལན་གཅིག་མཚུངས།།

རྨི་ལམ་འདི་ནས་སད་ན་ཅི་མ་རུང་།།

 

ཚོར་བའི་མདངས།

ཚོར་བས་མ་ཟིན་ནག་ནག་ཡིག་ཚོགས་ཀྱི་ཕུང་གསོག །

ཚོར་བས་དབུལ་ཡང་དཀར་དཀར་ཤོག་སྟེང་དུ་གཅལ་བས།།

ཚོར་བ་རྟུལ་བའི་སྔ་ཚིག་ཕྱི་འགལ་གྱི་ཚིག་དོན།།

ཚོར་བ་རྣོན་པོ་ཅན་ཚོས་བཞད་གད་རང་མ་གནང་།།

 

སེམས་ཀྱི་ཕྱི་ནང་ཡང་ཡང་བསློགས་ཏེ།།

ཚོར་བས་ཟིན་པའི་ཡིད་ཀྱི་རི་མོ།།

ཕྱི་རུ་འཕྱུང་ཐབས་ཇི་ལྟར་བྱས་ཀྱང་།།

ལང་ཤོར་སེམས་ཀྱིས་སྲབ་མེད་རྟ་ཕོས།།

དོན་མེད་བྱ་བས་ལ་ལུང་མྱུལ་སོང་།།

 

དེང་གི་སློབ་ཆེན་པ།

དཔེ་ཆ་མི་ནུས་ཟང་ཟིང་ལས་ལ་དགའ།།

ཕ་སྐད་མ་ཡིག་ཕྱག་དར་ཁྲོད་དུ་དོར།།

རིགས་རུས་ཆོ་འབྲང་མ་ཤེས་སློབ་ཆེན་པ།།

རང་ངོ་རང་གིས་མི་ཆོད་མདོ་མེད་པ།།

 

ཁ།

ཁ་གཏམ་གཡོ་སྒྱུའི་ཚིག་སྙན་སྨྲ་བྱེད་ཁ།།

ཁ་ཏ་བསླབ་བྱའི་ཚིག་བཟང་སྨྲ་བྱེད་ཁ།།

ཁ་ཕོ་གཡུ་འབྲུག་ལྡིར་སྒྲ་སྨྲ་བྱེད་ཁ།།

ཁ་འཇམ་ཚིག་འཇམ་གཞན་དང་བསྟུན་མཁས་ཁ།།

ཁ་བཤད་མི་གཙོ་བཤད་ཐབས་མཁས་དགོས་ཁ།།

 

སྐད་ཡིག

དཔག་བསམ་ཤིང་གིས་མི་དོ་རྩ་ཆེ་ཡི་སྐད་ཡིག །

རིན་ཆེན་དང་པོས་མི་ཁུགས་མི་རིགས་ཀྱི་གཅེས་ནོར།།

ང་ཡི་བླ་དང་སྲོག་གི་བརྟེན་ས་ཉག་ཅིག་རང་ཡིན་པས།།

ཕ་སྐད་མ་ཡིག་ནོར་བུའི་གཟི་མདངས་དེ་རྒྱས་ཤོག །

 

སྙན་ངག་གི་རང་གཤིས།

གབ་སྦས་དང་ནི་རྐྱོང་སྐུམ་རང་བཞིན་གྱིས།།

སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཅི་རིགས་ལས།།

བཟང་པོར་བསྟོད་པ་ངན་པར་སུན་འབྱིན་གྱིས།།

ལེགས་སྤེལ་ཉེས་འགོག་དེ་ཡིས་རང་གཤིས་ཡིན།།

 

རྗེས་ལུས་ཀྱི་སྐྱོ་གདུང་།

ཕུ་ནུ་ཕན་ཚུན་ནང་དམེར་དགའ་ཞིང་།།

གྲུབ་མཐའི་འཐེན་འཁྱེར་ཤིན་ཏུ་རྒོད་ལ།།

ལྷ་པ་མོ་པར་སྐྱབས་བཅོལ་དྲགས་པའིི།།

ཡིད་སྐྱོའི་སྣང་ཚུལ་ད་དུང་གནས་ལགས།།

 

སྔར་སོང་ལོ་ཟླ།

འདས་པའི་ལོ་ཟླ་ཆུ་ཡི་གཉེར་མ་འདྲ།།

དཀའ་སྡུག་འཕྲང་ལམ་དོག་པོ་ཐབས་ཀྱིས་གཤགས།

སྐྱིད་སྡུག་འཚོ་བའི་རི་མོ་ཐོད་དུ་བྲིས།།

བྱས་པའི་ལས་ལ་བྱས་འབྲས་འདོན་རྒྱུ་ཉུང་།།

 

དབྱངས་རྟ།

སྙན་པའི་གཞས་ཤིག་ལེན་དུས་ཁྱོད་ལ་བརྟེན།།

དགའ་བའི་བྲོ་ཞིག་འཁྲབ་དུས་ཁྱོད་ལ་བརྟེན།།

ཡིག་དྲུག་མ་ཎི་བགྲང་སྐབས་ཁྱོད་ལ་བརྟེན།།

འཇིག་རྟེན་སྐྱིད་སྡུག་བརྗོད་མཁན་ཁྱོད་རང་ཡིན།།

 

སྟོན་རླུང་གི་རང་མདངས།

སྟོན་རླུང་བསིལ་བསིལ་ཕྱོགས་མཚམས་ཀུན་ནས་ལྡང་།།

ནས་ཞིང་སྐྲ་ལོར་གསེར་གྱི་རང་མདོག་བྱུགས།།

རྒྱ་ལྕང་ལོ་མ་རླུང་གིས་གང་སར་དེད།།

སྟོན་འབྲས་བསྡུ་བའི་ཞིང་པར་བདེ་བ་སྟེར།།

 

ཕ་ཡུལ་གྱི་ཞོགས་པ།

ཁྱིམ་འཛིན་ཨ་མའི་གོམས་སྟབས་བྲེལ་འགོ་དེ་ཚུགས་པས། །

ཞོགས་ཇ་བསྐོལ་བའི་དུད་སྤྲིན་རི་སྐེད་་དུ་ལྡང་ཞིང་། །

ར་ལུག་འབའ་སྐད་བ་གླང་ངུར་སྒྲ་དེ་འཁྲུགས་པས། །

ལྷིང་འཇགས་གྲོང་ཚོ་འཇམ་པོའི་རྨི་ལམ་ལས་བསླངས་སོང་། །

མུན་པ།

བར་སྣང་མུན་པས་ཁེབས་ནས་འདུག །

ས་གཞི་མུན་པས་བཀང་ནས་འདུག །

ཁང་ཀླད་མུན་པས་བསྒྲིབས་ནས་འདུག །

འོད་དཀར་ཕོ་ཉ་ནམ་ཞིག་བྱོན།།

 

ཀླད་ཀོར།

དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་ན་ཡང་།།

ཞེ་ལ་བྱམས་སེམས་དྲི་མས་མ་འགོས་ཀླད་ཀོར་རེད།།

རྒྱུ་ནོར་ལོངས་སྤྱོད་རྣམ་ཐོས་སྲས་བུ་ལ་འགྲན་ཡང་།།

སེར་སྣས་ལག་ཟུང་དམ་པོར་བཅིངས་ན་ཀླད་ཀོར་རེད།།

 

སོམ་ཉིའི་དྲ་བ།

རྒྱ་མ་བོད་ཀྱི་གཞོན་ནུ་འགའ་ཞིག་གི །

ཡ་མ་ཟུང་གི་གྱོན་གོས་གྱོན་སྟངས་དང་།།

ར་མ་ལུག་གི་སྐད་ཆ་ཤོད་སྟངས་དང་།།

མི་མ་འདྲེ་ཡི་འཚོ་བ་སྐྱེལ་སྟངས་དེས།།

བདག་གི་ཡིད་ཉིད་སོམ་ཉིའི་རྒྱ་རུ་ཚུད།།

 

བློ་གསལ་སྐྱོང་བའི་རླབས་ཆེ་ཡི་བྱ་གཞག །

འགན་འཁྲིའི་འཁུར་ཏུ་བསམས་ནས་ལེན་དགོས་ཀྱང་།།

འབད་པས་སྒྲུབ་པའི་སྒེར་དོན་འབའ་ཞིག་གིས།།

བདག་གི་སེམས་ཉིད་སོམ་ཉིའི་རྒྱ་རུ་ཚུད།།

 

ཁ་བ་ཅན།

མཁའ་དབྱིངས་མཐོན་པོ་སྔོ་ཤིང་དྭངས་ལ་

སྤྲིན་བཟང་དཀར་པོའི་གོས་བརྒྱན་མཛེས།།

ཀེ་ལ་ཤ་རིའི་དབུ་འཕང་མཐོ་ལ་དྭངས་གཙང་

མཚོ་དང་མཚེ་འུ་མཛེས།།

བགྲང་ཡས་རྐང་འཐུང་སྐྱེ་དངོས་ཚོགས་ཀྱིས་

ཡངས་པའི་ནོར་འཛིན་དོག་པོར་བྱེད།།

སྤུ་སྡུག་འདབ་ཆགས་རི་སྐྱེས་ཚོགས་དང་

རྐང་བཞི་སྡེར་ཐོགས་རང་དགར་རྒྱུ།།

 

སྟོན་རླུང་བསུ།

མེ་ཏོག་ཁྲ་ཆིལ་དགོད་པའི་དབྱར་ཟླ་དེ་འདས་ནས།།

སྦྲང་ཆར་བསིལ་མའི་བདུད་རྩི་སིམ་སིམ་དུ་འཇོ་ཞིང་།།

གསེར་མདོག་ན་བཟའ་བཞེས་པའི་སྒེག་མ་དེ་སླེབས་དུས།།

སྟོན་རླུང་བསིལ་པོས་ངོ་ལ་བྱིལ་བྱིལ་དེ་མང་བྱུང།།

 

སྦགས་བཙོག་གི་ཁོར་ཡུག

ས་འཛིན་མཐོན་པོར་འཕྲུལ་འཁོར་སྡེར་

མོས་ཤུགས་ཀྱིས་བརྐོས་པའི་རྨ་ཁ་མང་།།

དྭངས་བསིལ་ཉལ་འགྲོར་རྫས་ངན་བསླད་པས་

ལྟོ་དཀར་ཉ་མོའི་དབུགས་རྒྱུ་དགག །

ནོར་འཛིན་བ་སྤུའི་རྐང་འཐུང་ཚོགས་ལ་སྒེར་

སེམས་སྟ་རེས་ཡང་ཡང་བསྣུན།།

དྭངས་གཙང་ལྷད་མེད་མཁའ་རླུང་གསོས་པ་

དྲི་ངན་སྦག་བཙོག་རྫས་ཀྱིས་བསླད།།

 

ངའི་རུས་པ་བོད་ན་ཡོད།

གངས་རི་དཀར་པོ་སེམས་ཀྱི་རང་མདངས་ཡིན།།

སྦྲང་དཀར་རྩམ་པ་ང་ཡི་ཕ་ཟས་ཡིན།།

ཕ་སྐད་མ་ཡིག་ང་ཡི་གཡང་རྟེན་ཡིན།།

ང་ཡི་བླ་རུས་གངས་ཅན་བོད་ན་ཡོད།།


  • ལེ་ཚན་སྔོན་མ།:གློ་བུར་བའི་སེམས་བྱུང་།
  • ལེ་ཚན་རྗེས་མ།:སྙིང་སྡུག