གློ་བུར་བའི་སེམས་བྱུང་།

གཡུ་ལུང་གཡུང་དྲུང་འབུམ།        2019-03-13

མཚམས་ལན་རེར།

མྱི་འདི་དབུགས་ལྒང་བཞིན་གད་ལ་ཁད་རེད།

དེ་དུས། ཁབ་རྩེ་དགོས་མི་འདུག

རེག་པ་ཙམ་གྱིས་ཆོག

སྒྲ་ཆེན་པོ་ཞིག་དང་བཅས།

གད་འགྲོ་གི་རེད།

དཔེར་ན་དོ་ནུབ་ཀྱི་ང་ལྟ་བུ་རེད།

 

སྙིང་གི་གསེང་ལ་ན་ཟུག་ཡོང་བ་འདི།

གཤམ་ནས་ཡར་ཡོང་བར་སླ་ཡང་།

གོང་ནས་མར་མནན་ན་ལྗིད་ཏིག་ཏིག

རི་བོའི་རྡོག་ཁྲེས་ཤིག་དང་མཚུངས།

ངས་དེ་སྨུག་པ་བཞིན་མྱུར་དུ་དྭངས་པར་སྒུག་ཡོད།

ཡང་ན།

ངས་ནམ་ཡང་དྲོད་འཇམ་གྱི་ཉི་འོད་བསུ་འདོད།

འུ་གཉིས་སྒྲ་ཞིག་རེད།

 

སྒྲུང་ཐུང༼ འུར་སྒྲ༽ ཞེས་པ་བཀླགས་རྗེས

ངའི་དྲན་ཤེས་ཀྱི་སྦུབས་ན་སྐུང་བའི་ཁྱོད་སྒྲ་ཞིག་རེད།

ཁྱོའི་བག་ཆགས་ཀྱི་གཏིང་ན་རུམ་པའི་ང་སྒྲ་ཞིག་རེད།

སྒྲ་དེ་ནི་ལན་རེར་སྙན་ཞིང་འཇེབས།

སྒྲ་དེ་ནི་མཚམས་རེར་རྣ་བར་གཟན།

ཅི་ལྟར་བཤད་ཀྱང་།

སྒྲ་དེ་ནི་འུ་གཉིས་ཀྱི་འདར་འགུལ་ལས་བྱུང་བ་རེད།

 

སྒྲ་དེ་མེད་ན་འཚོ་བའི་ཁ་དོག་ཡལ་སྲིད།

སྒྲ་དེ་མེད་ན་འཁོར་བའི་སྙིང་བོ་སྟོང་སྲིད།

 

སྒྲ་དེ་ནི་ཆགས་སྡང་གི་ཕུང་བོ།

སྒྲ་དེ་ནི་དཀར་ནག་གི་གོང་བུ།

སྒྲ་དེ་ལ་ང་རང་འཁྲེང་ཞེན་ལྕི།

 

སྒེའུ་ཁུང་ནང་གི་སྟོན་ཁ།

གསེར་མདོག་གི་ལོ་མ་ལམ་ལམ་འཚེར།

མིག་ཟུང་ལ་སྣང་བའི་བྱིན་རླབས་བསྩལ།

 

ཉི་འོད་དང་དྲོད་ཁོལ།

མཁའ་དབྱིངས་དང་སྤྲིན་དཀར།

གྲང་ཤུར་ཤུར་གྱི་ཁང་སྟོང་དུ་གནས་ཀྱང་།

སྟོང་བསམ་གྱི་འཇིག་རྟེན་ཞིག་ཏུ་ཁྲིད་པར་བྱས།

 

སྐབས་འདིར་ངའི་སེམས་པའང་།

ཤག་ཤག་ལྟུང་བའི་སྟོན་ལོ་སེར་བོ་བཞིན།

ག་ཤེད་ཅིག་ཏུ་ལྗིད་ཏིག་གེར་ལྷུང་ཀྱིན་གདའ།

 

སྒེའུ་ཁང་ནང་གི་དགུན་ཁ།

གཅེར་བུར་བུད་ཅིང་རུས་སྒྲོམ་བཞིན་གྱི་སྡོང་བོ་དེ་དག

སྐམ་རིད་དུ་གྱུར་བའི་རྒན་པོ་རེད།

དེ་དུས་ཁོ་ལ་དགོས་པ་ཁ་བའི་རྒྱན་ཆ་ཡིན་མི་སྲིད།

དེ་དུས་ཁོས་ཏག་ཏག་ཡུལ་ལྗོངས་གཞན་ཞིག་དྲན་གྱིན་ཡོད་སྲིད།

ཡུལ་ལྗོངས་དེ་ཡང་རྒྱང་རིང་གི་ཕ་ཡུལ་ན།

གླེང་གཞིར་གྱུར་ཅིང་རེ་བས་སྒུག་གིན་པ་དེ་ཡིན་སྲིད།

 

ཚུ་རོལ་ཏུ། ཁ་བ་ནི་མཛེས་སྡུག་ཅིག

ཕ་རོལ་ཏུ། ཁ་བ་ནི་མི་སྡུག་ཅིག

 

གང་ལྟར་ཡང་།

གྲང་ལྷགས་ནི་དགུན་གཞུང་འདིའི་འཇགས་མི་སྲིད་

པའི་སྙིང་གི་འཕར་ལྡིང་ཡིན་ན།

བརྩེ་ཞེན་གྱི་རུ་མ་འདི་གངས་ཁྲོད་དུ་བག་ཉལ་བའི་

རླབས་རྒྱུན་ཞིག་གི་ལུང་བསྟན་ཡིན་ངེས།

 

ཁ་བ།

གང་སར་རྐང་རྗེས་ཀྱིས་ཁེངས་པའི་སྒོ་ཞིང་གྲུ་བཞི་རུ།

ཁུ་སིམ་སིམ་གྱི་ལྷིང་འཇགས་ལྷབ་ལྷུབ་ངང་བབས་སོང་།

ལྷིང་འཇགས་དཀྲོག་འདོད་པའི་མི་ཚོགས་ཤིག་གིས་

ཅི་ལྟར་ཀི་ཞགས་བྱས་ཀྱང་།

ཆབ་རོམ་གྱི་སྦུབས་རྒྱར་ཚུད་པའི་ཆུ་ཕྲན་གྱིས།

སྔར་བཞིན་ཁེངས་དྲེགས་ཀྱི་སྐྱོ་གཞས་གཏོང་བ།

གསལ་ལྷང་ལྷང་ཐོས་ཐུབ།

 

མེ་ཁ་གསོས་ཤིང་དྲོད་རླངས་སུ་བརླན་ནས།

ཕྱི་རོལ་གྱི་འཇིག་རྟེན་ལ་སེམས་ངོ་སྟོན་ཚུལ་འདི།

ཚང་མལ་དུ་སྒོང་བའི་བྱིའུ་ཕྲུག་གིས།

རྒྱང་རིང་གི་ཨ་མའི་རྒུན་བུ་ལ་སྒུག་པ་དང་ཅི་མི་འདྲ།


  • ལེ་ཚན་སྔོན་མ།:རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་བཅུ།
  • ལེ་ཚན་རྗེས་མ།:ཚིག་གི་སྲད་བུར་སྟར་བའི་དབྱངས།