ཨ་ཐང་ཆད་པའི་ཐ་སྙད་ཀྱི་རིལ་བུ་ཇི་སྙེད།

གངས་ཆབ་སྔོན་མོ།        2019-03-11

ཧ་ཅང་སྡུག་པོའི་ཟོལ་གྱིས་ས་སྲོད་ཀྱི་པང་དུ་འཐོར།

ས་ཕྱོགས་ཀྱིས་བཅད་པའི་གདུང་བ་མག་མོག

ཤ་དང་རུས་པའི་ལྷུ་ཚིག་ལས་གྱེས་ཏེ།

ལ་མོའི་ཕར་རྒྱབ་ཀྱི་མེ་ལོང་ལྟ་བུའི་མཚེའུ་ནང་དུ།

ར་རིའི་དྲི་མ་མེད་པར། ཉིན་ནས་ཟླ་རུ་འཛུམ།

ཡ་གིའི་རི་ཟོམ་ལ་དཔྱངས་པའི་ཚེས་རིས་འཁྱོག་པོ།

འ་འུར་དང་ཟོལ་སྦྱོར་གྱི་ཀློང་ནས་ང་ཡི་སྨྱུག་རྩེར་ལུད།

ཟ་འོག་གི་རིས་སུ་བཀྲ་བའི་གཡང་སྡེ་གོར་མོ་དེའང་།

ཞ་རེངས་སུ་གྱུར་བའི་ལོ་ཟླ་དུ་མར་རྒས་ཤིང་འཁོགས།

ཝ་ལེར་བསམ་གྱིན་བསམ་གྱིན་ཡ་ང་བའི་མཚན་མོ་དེ།

ཛ་དྲག་ཏུ་གྱུར་ནས་སླར་ཡང་ཡལ་སོང་བའི་ངོ་གདོང་དེ

ཚ་བ་ཀེམ་ཀེམ། གཟེར་བསླང་བསླང་དུ་སྣང་བ་ནི།

ཙ་རིའི་སྨྱུག་སོས་རྐང་མཐིལ་ཕུག་པ་ལྟར་སྣང་།

མ་བཅོས་ལྷུན་གྲུབ་ཀྱི་གཙང་ཆུའི་ངོ་བོ།

བ་སོས་བརྒྱན་པའི་མེ་ལོང་དུ་དྭངས་ཤིང་གསལ།

ཕ་གིའི་སྡེ་འདབས་ནས་མཆེད་པའི་ལ་གཞས་སྙན་མོ།

པ་ཏྲའི་རི་མོ་ལྟར་སེམས་འགྱུའི་གཏིང་རིམ་ནས་ཡར་ཡར་འཕྱོ།

ན་ཚོད་ཀྱིས་བསྒོས་འོང་བའི་སེམས་གཅོང་དེ་ཀོ།

ད་ཆར་བསྐྱར་ཡོང་མེད་པའི་དུས་ཚོད་དེ་ཀོ།

ཐ་དད་དུ་སྣང་བའི་སྟོང་ཉིད་ཀྱི་ཐིག་ལེ།

ཏ་ལེན་བྱེ་བ་དགུ་སྟོང་མེ་རུ་བསྲེགས་པ་ཙམ་མོ།

ཉ་གང་ཟླ་བ་དེ་སྐྱོ་བ་སངས་བྱེད་ཀྱི་ནོར་བུ་ཞིག་ཡིན་ནམ།

ཇ་ཡུན་ཙམ་ལའང་ཡལ་བར་སྙམ་པའི་ཐེ་ཚོམ་ནི།

ཆ་བྱད་མ་རྫོགས་པའི་ངོ་གདོང་གཞན་ཞིག་སྟེ།

ཅ་ནེ་ནང་གི་རླངས་པ་ཐོལ་ཐོལ་དེའོ།།

ང་ཡི་རྟ་མཆོག་དེ་གར་སོང་།

ག་ལེར་ཡལ་གྱིན་པའི་སྣང་བརྙན་མཐའ་དག

ཁ་བའི་རང་མདངས་དཀར་པོ་ཇི་བཞིན།

ཀ་ཏོ་ར་ལྟ་བུའི་ང་ཡི་ཀླད་ཕོར་དུ་ཡང་ཡང་སྐྱོམས་ཤོག


  • ལེ་ཚན་སྔོན་མ།:སྒོར་མོའི་ཕྲེང་ཐག་ལ་བརྒྱུས་པའི་ཀ་ཕྲེང་།
  • ལེ་ཚན་རྗེས་མ།:རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་བཅུ།