སྒོར་མོའི་ཕྲེང་ཐག་ལ་བརྒྱུས་པའི་ཀ་ཕྲེང་།

གེ་སར་ཅན        2019-03-11

ཀ་བཞི་གདུང་བརྒྱད་ཁང་བཟང་སྒོར་མོས་བསྐྲུན་ཐུབ་ཀྱང་།།

ཁ་ཞེ་འཆམ་མཐུན་ནང་མི་མེད་ན་ངོ་རེ་གནོང་།།

ག་ཤལ་རིན་ཆེན་ནོར་བུ་སྒོར་མོས་ཉོ་ཐུབ་ཀྱང་།།

ང་རྒྱལ་ཞེ་སྡང་ཕྲག་དོག་ཆེ་ན་ཡ་རེ་ང་།།


ཅ་ལེ་ཅོ་ལེའི་གྱོན་ཆས་སྒོར་མོས་ཉོ་ཐུབ་ཀྱང་།།

ཆ་རྫོགས་རིན་ཆེན་ལུས་པོ་ཤོར་ན་བློ་རེ་ཕམ།།

ཇ་ཆང་གཉེན་སྒྲིག་སྟོན་མོ་སྒོར་མོས་བཤམས་ཐུབ་ཀྱང་།།

ཉ་ཆུ་ལྟ་བུའི་མཛའ་མཐུན་མེད་ན་ངོ་རེ་ཚ།།


ཏ་རེན་དཔོན་པོའི་གོ་གནས་སྒོར་མོས་ཉོ་ཐུབ་ཀྱང་།།

ཐ་ཆུང་མི་སེར་སྐྱོང་ལུགས་མི་ཤེས་ཨ་རེ་སྐྱོ།།

ད་ལྟའི་སློབ་ཐོན་ལག་ཁྱེར་སྒོར་མོས་ཉོ་ཐུབ་ཀྱང་།།

ན་ཆུང་གཞོན་ནུའི་ཤེས་ཡོན་སྐྱོ་བས་འུ་རེ་ཐུག།


པ་ཕའི་ཆུ་ཚོད་འཁོར་ལོ་སྒོར་མོས་ཉོ་ཐུབ་ཀྱང་།།

ཕ་ཡིས་བསྐྱལ་བའི་དུས་ཚོད་སྟོང་ཟད་གཏོང་རེ་སྐན།།

བ་ཉལ་མཛོ་གྲོད་ལས་གནས་སྒོར་མོས་ཉོ་ཐུབ་ཀྱང་།།

མ་བཅོས་ལས་ཀའི་འཇོན་ཐང་ཞན་པས་སྙིང་རེ་རྗེ།།


ཙ་རིའི་རོང་སྐོར་གནས་བཟང་སྒོར་མོས་བསྐོར་ཐུབ་ཀྱང་།།

ཚ་གྲང་གནས་སྐོར་དད་སེམས་མེད་པས་འོ་རེ་བརྒྱལ།།

ཛ་ལང་ཚུལ་མིན་འཆལ་པོ་སྒོར་མོས་རྒྱུག་ཐུབ་ཀྱང་།།

ཝ་མཆུར་ཨེ་ནད་འགོས་ཐེངས་རེ་ལ་རྐུབ་རེ་སྐྱོག།


ཞར་ཞོར་ཟ་ཆོག་འཐུང་ཆོག་སྒོར་མོས་ཉོ་ཐུབ་ཀྱང་།།

ཟ་འཐུང་མ་ཕོད་སེར་སྣ་ཅན་ལ་ཡི་རེ་མུག།

འ་ཆད་འུ་ཐུག་ལྟག་སྒོ་སྒོར་མོས་ཕྱེ་ཐུབ་ཀྱང་།།

ཡ་གིའི་གཞུང་སྒོར་འགྲོ་མཁན་ཀུན་གྱིས་འཕྱ་རེ་སྨོས།།


ར་གན་གསེར་བརྫུས་ཟུར་བསལ་སྒོར་མོས་བསླུ་ཐུབ་ཀྱང་།།

ལ་ཀླུང་ཀུན་འགྲོགས་བཟའ་ཚང་བརྗེད་ན་འགྱོད་རེ་སྐྱེ།།

ཤ་མར་ཇ་དང་འབྲུ་རིགས་སྒོར་མོས་ཉོ་ཐུབ་ཀྱང་།།

ས་འདིར་དེང་སང་སྔོ་ལྗང་ཟས་རིགས་ཨ་རེ་དཀོན།།


ཧ་ཅང་དྲི་ཞིམ་བྱུག་རྫས་སྒོར་མོས་ཉོ་ཐུབ་ཀྱང་།།

ཨ་མས་གནང་བའི་རང་བཞིན་མཛེས་པོ་འདྲ་རེ་ཆགས།།

ཧ་ཧ་ཀུ་རེའི་ཚུལ་དུ་བྲིས་པའི་ཀ་ཕྲེང་འདི།།

ཨ་ཝ་རྣམ་པས་གཟིགས་རོགས་བྱས་ན་ཨ་རེ་ཡག།


  • ལེ་ཚན་སྔོན་མ།:སེམས་པ་རླུང་ཁར་གཡེང་ཚུལ།
  • ལེ་ཚན་རྗེས་མ།:ཨ་ཐང་ཆད་པའི་ཐ་སྙད་ཀྱི་རིལ་བུ་ཇི་སྙེད།