ལོ་གསར་བསུ་བའི་པི་ཝང་སྙན་ཆ།

སྲད་འདབ་གསར།        2019-02-22

ལོ་རྙིང་རྒད་པོའི་སློག་ཐུལ་དེ།།

ཚོམ་མེད་དོར་ཅིང་བྱ་རྨྱང་བྱས།།

གསར་བཞད་དཔྱིད་དཔལ་མེ་ཏོག་དེ།།

འཐུ་བར་ཆས་འགྲོ་ན་གཞོན་ཚོ།།


འབྲུག་རིས་པི་ཝང་རྒྱུད་སྐུད་ལ།།

སོར་མོས་གཡས་དཀྲོལ་གཡོན་བསྣན་བྱས།།

བཀྲ་ཤིས་དབྱངས་ཀྱི་སྙན་ཆའི་ཁྲོད།།

ལོ་སར་བསུ་བའི་དགྱེས་སྟོན་མཛད།།


འདི་ལོ་ཁ་བའི་འཆི་ཐག་དེ།།

རྨུ་ཐག་ཇི་བཞིན་ལྷག་པར་རིང་།།

དཀར་མཛེས་ཁ་བའི་ལྷ་དར་ཁོང་།།

ལོ་སར་བསུ་བར་བསྡད་དམ་དོགས།།


རབ་རོབ་དགུ་ཐུག་སྟོན་མོ་དེ།།

གནོད་ཅན་སྲིན་མོའི་རྒྱགས་ཕྱེར་བརྫངས།།

གདོན་འདྲེ་ཀླུད་ཀྱི་རྟ་ཕོར་བཀྱོན།།

ལ་རྒྱབ་མྱ་ངམ་ཐང་ལ་སྤྱུགས།།


བྲེད་ཚིག་ཀི་སྒྲའི་ང་རོའི་ཁྲོད།།

གེགས་བར་གྲིབ་གཟུགས་མེ་ལ་བསྲེགས།།

ཤོག་སྦག་འུར་གྱི་འཁྲུག་ཆའི་ཁྲོད།།

ཆག་སྒོའི་ཟ་འདྲེ་རྐུབ་ཚག་ཤོར།།


གཡའ་དག་གནམ་གང་ནམ་མཁའ་ན།།

དུ་བའི་ཕུག་རོན་ལྡིང་སྐོར་བརྒྱབ།།

མེར་བསྲེགས་ལུག་མགོའི་དྲི་ཞིམ་ཐུལ།།

བཀྲ་ཤིས་རྟགས་བརྒྱད་ལོ་སར་བསུ།།


ཐོ་རངས་བྱ་ཕོ་ཚ་ལུ་ཡིས།།

སྐྱ་མདའ་ཤར་ཟེར་ངག་རྩལ་ངོམས།།

ཆུ་ཕུད་ནོར་གྱི་ཕྱྭ་གཡང་བཀུགས།།

རྩམ་པའི་དར་གྱིས་ལོ་སར་བསུ།།


ཟབ་ཡངས་ཆུ་གཏེར་འགྲམ་ངོགས་ནས།།

རྟ་ལྗང་འཁོར་ལོ་དལ་གྱིས་འཕགས།།

ས་འཛིན་གྱད་མིའི་དབུ་རྩེ་རུ།།

ཉི་ཟེར་བྱ་གླག་དལ་གྱིས་འགྱིང་།།


སློབ་དཔོན་པདྨའི་བདུད་རྩིར་སྐད།།

ཆུ་མིག་འགྲམ་དུ་ལྷ་བསང་བཏང་།།

ཆུ་ཁུང་ཟུར་ནས་ལྷ་རྒྱལ་འཐེན།།

ལོ་སར་དུང་བརྡ་རིམ་བཞིན་གྲགས།།


བདེ་ལྡན་དྲོ་འཇམ་མལ་ས་རུ།།

ཨ་མས་ཞིམ་པོའི་ཆང་བསྐོལ་བླུགས།།

ད་ནི་མ་ཉལ་ཕྱོགས་སུ་ལྟོས།།

དགའ་སྤྲོའི་འཛུམ་གྱིས་ལོ་སར་བསུ།།


  • ལེ་ཚན་སྔོན་མ།:གླུ་ཆུང་པི་ཝང་རང་སྒྲ།
  • ལེ་ཚན་རྗེས་མ།:ལོ་སར།