ལེགས་པའི་ལམ་ལ་སྲིང་བའི་ལོ་སར།

སྟག་རིག་འབྲུག་ཐར།        2019-02-20

ལེགས་པའི་ལམ་ལ་སྲིང་བའི་ལོ་སར།

མཁར་གྲོང་གི་ག་ས་གང་དུ་མི་ཚོགས་ཀྱི་འདུ་འགོད་སྤྲིན་བཞིན་འཁྲིགས་པ་ནི་ལོ་སར་ལ་ཉེ་བའི་ཉེར་བསྡོགས་རྩོམ་གྱིན་པ་དང་། མཁར་གྲོང་གི་བཞི་མདོ་དང་སྲང་ལམ་གང་སར་ཚོང་ཟོག་བྱུར་བུར་སྤུངས་ཤིང་ཉོ་འབོད་ཀྱི་འུར་ཟིང་གསང་མཐོར་སྒྲོག་པ་ཡང་ལོ་སར་ལ་ཉེ་བའི་སྟ་གོན་གྱི་སྦྱོར་བའོ།། ལྷག་པར་དུ་སྐྱ་ཐིང་ཐིང་གི་རི་གྲོང་ཁུག་ན་དུད་ཁྱིམ་སོ་སོའི་དུད་ཁུང་ལས་སྦྲུལ་གཟུགས་དུ་ཞག་ཐོལ་ཐོལ་དུ་མཆེད་ནས་ཤངས་སྒོའི་ལམ་དུ་གཡིས་དྲི་སྣུམ་པོ་དང་གོ་དྲི་ཞིམ་པོ་འཐུལ་ཡོང་བ་ནི་ལོ་སར་ཞེས་པའི་གཞིས་བྱེས་ལྷན་འཛོམས་ལ་དགའ་བའི་ཆང་རྩི་བསྙལ་བ་དང་ཀུན་ནས་མཚུངས།

མེས་པོའི་རབས་ནས་བརྒྱུད་པའི་ལོ་སར་གཏོང་སྟངས་ཀྱི་རིག་གནས་འདིས་རྒན་པ་རྣམས་ཚེ་ལོ་བསྲིང་བའི་རྟེན་འབྲེལ་དང་གཞོན་པ་རྣམས་འདབ་ལག་རྒྱས་པའི་སྨོན་འདུན། ནང་མི་དང་ཤ་ཉེ་ཁྱིམ་མཚེས་བར་འགྲིག་མཐུན་ཡོང་བ་དང་ཕན་ཚུན་ལ་གུས་བཀུར་མཚོན་བྱེད་དུ་འགྲོ་འོང་སྤྱོད་པའི་རྣམ་པ་ལེགས་གྲས་ཤིག་ཡིན་པས། ལོ་སར་སྐབས་སུ་རང་གི་སྤོ་བོ་དང་རྨོ་མོ། ཕ་མ་ལ་ཕྱག་འཚལ་བ་དང་། ལྷ་བསང་རི་བསང་གཏོང་བ། དར་ལྕོག་འཐེན་པ། སྒོ་ཕྱུགས་དང་ཀླུ་སྡོང་ལ་སྲུང་དཀར་འཐེན་པ། ཞིང་ཁ་དང་ར་ཁར་དར་འཇོག་པ། དུར་མཆོད་ལ་འགྲོ་བ། རྒྱལ་བོ(ལོ་རྒྱལ)དང་གོ་དམར་བརྗེ་རེས་བྱེད་པ་སོགས་ནི་ལོ་སར་སྐབས་སུ་ཅིས་ཀྱང་བརྒྱུད་དགོས་པའི་སྲོལ་ཀ་བཟང་བོ་ཞིག་ཡིན། ལོ་སར་གྱི་སྐབས་སུའང་དཀར་གསུམ་མངར་གསུམ་གྱི་སྡེར་ཁ་བསྒྲིགས་ཏེ་མགྲོན་འབོད་མགྲོན་བསུ་ལ་དགའ་བའི་འཛུམ་གྱིས་བསུ་བ། བཀྲ་ཤིས་བདེ་ལེགས་ཀྱི་མཆིད་ཚིག་སྙན་མོ་བརྗོད་པ། བུ་བུ་མོའི་གཉེན་སྟོན་དང་སྐྲ་སྟོན། མནོལ་སྟོན་གྱི་ཆོ་ག་བཤམས་ཏེ་བདག་གཞི་མགྲོན་གཉིས་ཀ་མགྲོན་འབོད་བྱས་ཏེ་སྟོན་ཆང་དྲངས་ཤིང་གླུ་དང་བྲོ་ཡི་ལྟད་མོ་མཚར་པོས་སྐྱིད་ལ་བསྐུར་བ་རེད། མདོར་དེད་ན་ལོ་མགོ་ཚེས་མགོར་རྟེན་འབྲེལ་ཡག་པོར་བརྟགས་ཏེ་སྐད་ཆ་ཡག་པོ་དང་ལྭ་བ་གཙང་མ། ལས་དོན་ལེགས་པོ་བསྒྲུབས་ཏེ་མི་དང་མིའི་བར་མཛའ་བརྩེ་མཐུན་སྒྲིལ་ཟབ་ཅིང་མི་དང་དུད་འགྲོའི་བར་ཡང་འཆམ་མཐུན་སྙིང་རྗེ་མངོན་པའི་མཚོན་རྟགས་བཀོད་དེ་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ཆར་ཆུ་དུས་སུ་འབབ་ཅིང་ཞིང་ལ་ལོ་ལེགས་ཡོང་བ། ཕྱུགས་རིགས་འཕེལ་ཁ་དར་བ་སོགས་སྣོད་བཅུད་ཕུན་སུམ་ཚོགས་པ་དང་ཕྱཱ་གཡང་དགེ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་རེད། དེའི་སྟབས་ཀྱིས་ལོ་སར་དུས་ཆེན་ནི་ལོ་འཁོར་གཅིག་གི་ཆེས་ཐོག་མའི་དབུ་ཁྱུད་ལྟ་བུ་ཡིན་ལ། རང་རེའི་སྲོལ་རྒྱུན་དུས་ཆེན་ཁྲོད་ཀྱི་ཆེས་གྲ་རྒྱས་ཕུན་ཚོགས་ཀྱི་དུས་ཆེན་དང་ཆེས་བརྩི་མཐོང་དོ་སྣང་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཀྱང་ཡིན་ནོ།།

ད་ལྟའི་འཕོ་འགྱུར་ཆེ་བའི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ཏེ་ང་ཚོ་དར་མ་རྣམས་ཀྱི་སྣང་ངོར་ལོ་སར་ལ་རོལ་རྒྱུ་ནི་རྩིས་ཕྲེང་དཀའ་མོ་ཞིག་སྣེ་འཛིང་བའི་གོ་རིམ་མང་པོ་བརྒྱུད་དེ་མཇུག་འབྲས་འདོན་པའི་སུན་སྣང་གི་འགྲེལ་སྟངས་ཤིག་ལ་འཁྲུལ་ནས་ལོ་སར་ལ་ཞོགས་ཆེན་པོ་མེད། ལྷག་པར་ན་སོ་ཡར་ཆགས་པ་དང་ལྷན་དུ་ལོ་སར་ལ་རོལ་བའི་གོ་རིམ་ནི་ཁུར་ཙ་ལྕི་མོ་ཞིག་ཕྲག་པས་ཡུན་རིང་ལ་འདེགས་པའི་ངང་ཚུལ་དུ་འཛིན་པས། "གཟུར་མེད་ཀྱི་འགན་ཁུར་ལྕི་མོ"དེ་མྱུར་བ་མྱུར་དུ་ཅལ་སེར་ཕོག་ན་བསམས་ཡོད། འོན་ཀྱང་ང་ཚོས་རང་ཉིད་ཆུང་བྱིས་དུས་ཡིན་པའི་སྐབས་སུ་ལོ་སར་ལ་སྙེག་པའི་དགའ་ཚོར་དང་ལོ་སར་དུས་ཆེན་ལ་མྱུར་བར་ཐོན་ན་སྙམ་པའི་རེ་སྒུག་དྲོན་མོ་དེ་དག་ལ་ཕྱིར་འདང་རེ་བརྒྱབ་ཚེ། ཅིས་ཀྱང་རང་གི་ཤ་ལས་ཆད་པའི་ན་ཆུང་བྱིས་པ་ཚོའི་ཁམས་དང་མོས་པ་ལ་སྤྲོ་སྣང་ཡག་པོ་ཞིག་དང་ལོ་སར་ལ་བཟུང་བའི་འདུ་ཤེས་ལྷད་མེད་ལ་རམ་བུ་བཟང་པོ་བཏེགས་ཏེ་ལོ་སར་གྱི་ཐུན་མོང་བྱེད་སྒོ་ལ་དགའ་སྐྱིད་གཉིས་འཛོམས་ཀྱི་བག་ཆགས་ལེགས་པོ་ཞིག་ཅིས་ཀྱང་འཇོག་དགོས་ལ། ལོ་སར་གྱི་ཙག་ཙིག་བྱ་བར་མགོ་ན་མི་ཉན་ཞིང་ལོ་སར་གྱི་ཟང་ཟིང་སྟ་གོན་ལ་ཕྱི་བཤོལ་ཡང་བྱེད་མི་ཉན་པར་སྙམ།

འཚོ་བའི་ཆ་རྐྱེན་ལེགས་པའི་སྔོན་འགྲོའི་འོག་ཏུ། ད་ཆར་ལོ་སར་རོལ་སྐབས་འཚོ་བའི་ལོངས་སྤྱོད་ཕྱོགས་ཀྱི་བཟའ་བཅའ་བཏུང་གསུམ་ཐད་དུ་རེ་བ་ཆེན་པོ་བཅངས་ཏེ་ཀ་ར་དང་སིལ་ཏོག སྐོམ་ཆུ། ཆང་དང་དུ་བ་སོགས་གང་བཟང་གང་ངན་དང་སྤུས་ལེགས་པོ། གྲངས་ཀ་མང་པོ་ཉོས་ནས་འཁོར་སྒམ་གྱི་ནང་དུ་མི་ཤོང་བ་ཙམ་དྲུད་ནས་འགྲོ་བཞིན་ཡོད། ལོ་ཚོང་དེ་དག་ནི་ལོ་གཅིག་གི་རིང་ལ་དཀའ་བ་སྤྱད་དེ་རྔུལ་ཆུས་བརྗེས་པའི་སྒོར་མོ་ཡོད་དོ་ཅོག་གིས་ཏག་ཏག་ལོ་ཚོང་གི་དངོས་ཟོག་ཙག་ཙིག་ལ་བསྟིམས་ནས་ཆུད་འཛའ་བར་བྱས་པ་རེད། ཡིན་ན་ཡང་ཡར་སྔོན་གྱི་ལོ་སར་གཏོང་སྟངས་དང་རྦད་དེ་མི་མཐུན་པའི་ད་ལྟའི་ལོ་སར་གྱི་ཉོ་སྒྲུབ་ཐད་འགྱུར་ལྡོག་ཇི་འདྲ་ཆེ་ན་ཡང་། ང་ཚོས་བྱིས་པ་ཚོའི་ཁམས་དང་མོས་པ། ལུས་ཕུང་བདེ་ཐང་གི་ཆེད་དུ་ཟས་རིགས་བདེ་ཐང་ཅན་གདམ་བསལ་ལེགས་པོ་བྱས་ནས་སིལ་སྡེར་དང་མངར་ཆའི་སྡེར་ཀ། འབྱུང་གཞིར་ཅུང་ཁམས་པའི་སྐོམ་ཆུའི་རིགས་འོས་འཚམ་ཞིག་ཅིས་ཀྱང་ཅོག་ངོས་སུ་བཤམས་ན་འགྲིག་ལ། ཚུལ་དང་མཐུན་པའི་ལོ་སར་རོལ་སྟངས་ནི་ཕ་མེས་ཡང་མེས་ནས་བརྒྱུད་པའི་གོམས་སྲོལ་ལེགས་པོ་རྒྱུད་སྐྱོང་བྱས་པ་མིན་ནམ། ཡིན་ཡང་ཡོད་པོས་རྒྱུ་འགྲན་དང་མེད་པོས་དོམ་འགྲན་ཞེས་པ་ལྟར་མངར་ཆའི་ཀ་རའི་རིགས་རྣམ་པ་སྣ་ཚོགས་དང་སྐོམ་ཆུའི་རིགས་ཐ་དད་པ་ཅོག་ཙེའི་སྟེང་དུ་རི་རབ་ལྟར་བརྩིགས་ཤིང་མིག་ལ་ཁྲ་ཁྲའི་སྣང་བ་སྟེར་བའི་ཀ་ར་མང་པོའང་གཅལ་དུ་བཀྲམ་ཞིང་མཐོ་ཡོ་རེར་སྤུངས་པའི་སྣང་ཚུལ་དེ་ནི་དོན་དངོས་སུ་མིའི་བདེ་ཐང་ལོགས་སུ་སྤྱུགས་ཏེ་གད་སྙིགས་ཀྱི་ཕུང་བོ་ཕྱོགས་བཞི་ནས་བཏུས་ཏེ་གནས་གཅིག་ལ་སྤུངས་པ་ལས་མ་འདས། སྣང་ཚུལ་ཡ་མཚན་པ་འདི"རྒྱུ་སྣང་ཅན་དང་ཕྱུག་པོ་ཅན"ཚོའི་སྣང་ངོར་མཛེས་འཛིན་གྱི་ལྟ་བ་ཨ་ཙ་མ་ཙམ་ལས་ཀུན་པོའི་མིག་ལམ་དུ་ཨ་མ་རྒན་མོར་གསེར་དངུལ་གཡུ་བྱུར་གྱིས་ཀུན་ནས་བརྒྱན་པ་དང་མཐུན། ད་ལྟའི་འགྱིག་གིས་བཏུམ་པའི་མངར་ཆའི་རིགས་དང་ཤོག་སྒམ་དུ་བཅུག་པའི་ཟས་རིགས། ཤེལ་དམ་དུ་བླུགས་པའི་བཏུང་ཆུའི་རིགས་ཡོད་ཚད་ལ་རྫས་འགྱུར་གྱི་གྲུབ་ཆ་མང་པོ་བསྲེས་སྦྱོར་བྱས་ཡོད་པས་ཕན་ཚུན་ལ་ལོ་སར་གྱི་ལེགས་སྐྱེས་སྟེར་བའམ་རང་གིས་བེད་སྤྱོད་བྱས་ཚེ་ཐད་ཀར་ལུས་ཀྱི་འབྱུང་ཁམས་ལ་གནོད་པ་ལས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད། ལྷག་པར་དྲྭ་རྒྱའི་སྟེང་དུ་གཞུང་སྒེར་གང་རུང་གི་ཟས་རིགས་ལས་སྣོན་བཟོ་གྲྭའི་ཚུལ་ལྡན་མ་ཡིན་པའི་ཐོན་སྐྱེད་བྱེད་སྟངས་ཀྱི་གསང་བ་ཕྱིར་ཤོར་ཡོད་ལ། དུས་འགྱངས་པའམ་རུལ་མྱགས་སུ་གྱུར་བའི་སྐྱུགས་བྲོ་བའི་བརྙན་ཟློས་མང་པོ་ད་ལྟའི་འཕྲིན་ཕྲན་གྱི་ལམ་ནས་གསལ་བོར་མཐོང་ཐུབ་པར་མ་ཟད། ཟས་རིགས་བདེ་ཐང་ལ་ཞིབ་བཤེར་བྱེད་པའི་ལས་བྱེད་མི་སྣས་དག་ཐེར་དང་ཆད་པ་ནན་མོ་གཅོད་བཞིན་པའང་མིག་གི་མཐོང་ལམ་དུ་མང་པོ་རིག་ཐུབ། དེར་རྐྱེན་ཕྱི་མཛེས་ནང་བཙོག་གི་བདེ་ཐང་མ་ཡིན་པའི་གད་སྙིགས་ཅན་གྱི་ཟས་རིགས་བེད་སྤྱོད་པ་ལས་རྫས་འགྱུར་གྱི་བསྲེས་བསླད་ཉུང་ཞིང་ལུས་ཀྱི་འབྱུང་ཁམས་ལ་གནོད་པ་བྲལ་བའི་ཟས་མཆོག་གི་རིགས་བདམས་ཏེ་ལོ་སར་གཏོང་ལེན་དང་ལོ་སར་གྱི་སྐབས་སུ་བེད་སྤྱོད་བྱས་ན་འོས་ཤིང་འཚམ་པ་རེད།

དགའ་འོས་པ་ཞིག་ལ་དགོན་པ་གྲྭ་ཚང་གི་དགེ་སེམས་ཅན་གྱི་གྲྭ་བཙུན་མང་པོས་ལོ་འགའི་སྔོན་ནས་བཟུང་སྟེ་ལོ་སར་ལེགས་སྐྱེས་ཀྱི་དོད་དུ་ཁ་བཏགས་དང་སྒོར་མོ། འབྲི་དེབ་དང་ཞ་སྨྱུག དཔེ་ཆ་སྟེར་བའི་སྲོལ་བཟང་བོ་ཆགས་ཡོད་པར་མ་ཟད། དགོན་པས་ལོ་སར་སྟེར་བའི་ཤན་ཤུགས་ཀྱིས་སྡེ་གྲོང་དུའང་སྡེ་དཔོན་དང་རྒན་སེམས་ཚོས་གྲོས་བསྡུར་ཞིབ་དཔྱད་མང་པོ་མཛད་དེ་དེང་རབས་འཚོ་བའི་དགོས་མཁོ་སྐོང་པ་ལ་ཁ་བཏགས་དང་སྒོར་མོ། འབྲི་དེབ་དང་ཞ་སྨྱུག དཔེ་ཆ་སྟེར་བའི་སྲོལ་ཀ་ལེགས་པོ་ཞིག་ཆགས་ཡོད་པར་མ་ཟད། སྡེར་ཀའི་མཐོ་དམའ། སྡེར་ཀའི་ཆེ་ཆུང་ལ་ཚད་གཞི་གཏན་འཁེལ་བྱས་ཡོད་ཅིང་། གཉེན་སྟོན་དང་སྐྲ་སྟོན། མནོལ་སྟོན་སོགས་སྟོན་མོའི་རིམ་པ་ལྟར་དུ་ཚོང་རྫས་ཙག་ཙིག་དག་གི་ཚབ་ལ་སྒོར་མོའི་མང་ཉུང་ལྟར་རིམ་པ་ཕྱེ་ཞིང་དེའི་ཁ་སྣོན་ལ་གོས་བཏགས་དང་ཁ་བཏགས་ཀྱི་མཐོ་དམའི་རིམ་པ་བཀར་ཏེ་སྡེ་བའི་སྡེ་མི་ཡོངས་ཀྱི་འཚོ་བའི་དབུལ་ཕྱུག་གི་ཁྱད་པར་སྙོམས་པོར་མཛད་དེ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད། ད་ཆའི་ལོ་སར་གཏོང་ལེན་གྱི་རྣམ་པར་བཅོས་བསྒྱུར་དང་སྙོམ་སྒྲིག་མ་བྱས་ཚེ་འབངས་བྱིངས་ཀྱི་འཚོ་བའི་ཆ་རྐྱེན་ཡར་སྔོན་དང་བསྡུར་ཚེ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་སུ་སོང་ཡོད་སྟབས། རྒྱུ་ཡོད་ཚོས་རྒྱུ་ནོར་གྱི་སྟོབས་ཤུགས་ཆེ་ཆུང་གི་བཟང་ངན་རྩོད་པ་དང་། རྒྱུ་མེད་ཚོས་ཀྱང་ཁོག་དཔུང་ལ་རྒྱ་གཞན་ལ་ཤོར་དུ་མི་འཇུག་པར་དངུལ་བུན་མང་པོ་བླངས་ཏེ་རང་ཉིད་ཀྱིས་རང་ཉིད་སྡུག་ལ་སྦྱར་བའི་སྐྱོ་གར་ཡང་རྣ་ཐོས་གོ་ཐོས་མང་པོ་འདུག

དེ་བས་ལོ་སར་དུས་ཆེན་ལ་བཟའ་མགོ་རུས་མགོ་རྐང་ཚགས་སུ་ཆུད་དེ་གཉེན་ཉེ་སྤུན་ཟླ་དང་རུ་ཁ་ཁྱིམ་མཚེས། གྲོགས་པོ་གྲོགས་མོ་ཚོ་ཐུག་འཕྲད་འབྲེལ་འདྲིས་བྱས་ཏེ་ཟས་ཞིམ་པོ་ཡོད་ན་མཉམ་ཟ་དང་གླུ་ཡག་པོ་ཡོད་ན་མཉམ་ལེན། བྲོ་ཡག་པོ་ཡོད་ན་མཉམ་འཁྲབ་སྒོས་མི་དགའ་ལྷ་སྐྱིད་ཀྱི་བདེ་དགའི་དཔལ་ལ་རོལ་རྒྱུ་ནི་ལོ་གཅིག་གི་བཀྲ་ཤིས་པའི་ཐོག་མའི་སྔོན་འགྲོ་ཡིན་ལས་ཆེ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཨ་མ་ལགས། བཀའ་དྲིན་ཆེ།
  • ལེ་ཚན་རྗེས་མ།:ཉིན་ཐོ།
  • རྩོམ་གསར། 10