ཨེ་ཅིབ་དམག་ཕྱོགས་ཀྱིས་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་བྱས་པའི་འཇིགས་སྐུལ་མི་སྣ་བདུན་བསད།

ཀླུ་མོ་མཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-02-19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་བཅུ་དྲུག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འཇིགས་སྐུལ་མི་སྣ་སྐོར་ཞིག་གིས་ཉིན་དེར་ཞི་ནའེ་བྱང་མ་ཞིང་ཆེན་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། དམག་ཕྱོགས་ཀྱིས་རྒོལ་ལན་སྤྲད་དེ་འཇིསག་སྐུལ་མི་སྣ་བདུན་བསད། འཐབ་འཁྲུག་ཁྲོད་ནས་དམག་ཕྱོགས་ཀྱི་མི་བཅོ་ལྔ་ཤི་རྨས་བྱུང་ཡོད་ཟེར།

མིག་སྔར་ཨེ་ཅིབ་དམག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཉེ་འདབས་ནས་འཇབ་རྒོལ་ཁྲོད་དུ་ཞུགས་པའི་འཇིགས་སྐུལ་མི་སྣ་གཞན་པ་རྣམས་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། མིག་སྔའི་བར་རྩ་འཛུགས་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

གཞན་ཡང་ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་བདེ་འཇགས་དམག་དཔུང་ལ་ཉིན་དེར་ཅི་སཱ་ཞིང་ཆེན་ནས་འགད་རྫས་སྟབས་བདེ་ཞིག་གི་འཇབ་རྒོལ་ཐེབས་པ་དང་། འགད་རྫས་དེ་ནི་མུའུ་སི་ལིན་སྤུན་ཟླ་ཚོགས་པ་ཟེར་བ་དེས་བཟོས་པ་ཡིན་ལ། འཇབ་རྒོལ་གྱི་དམིགས་འབེན་ནི་མུའུ་སི་ལིན་ཆོས་ཁང་ཞིག་གི་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་རེད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ངོ་རྒོལ་གནས་བབ་ཚབས་ཇེ་ཆེར་སོང་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པར། ཨ་ཅིབ་དམག་ཕྱོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞི་ནའེ་ཞེས་པའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་འགོ་བརྩམས་པ་དང་། ལོ་མཇུག་བར་དུ་དམག་ཕྱོགས་ཀྱིས་འགུལ་སྐྱོད་དེའི་ཁྲོད་ནས་འཇིགས་སྐུལ་མི་སྣ་བཞི་བརྒྱ་དང་ལྔ་བཅུ་ཙམ་བསད།

མུའུ་སི་ལིན་སྤུན་ཟླ་ཚོགས་པ་ཟེར་བ་དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པར་ཨེ་ཅིབ་བར་བརྒལ་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་སུ་བརྩིས་པ་རེད། །


  • ལེ་ཚན་སྔོན་མ།:རྩམ་པར་སྐྲན་ནད་སོགས་སྔོན་འགོག་གི་ནུས་པ་ལྡན་པ་ར་སྤྲོད་བྱུང་འདུག
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་འཕེལ་རྒྱས་འཆར་འགོད་རྩ་གནད་དཔར་ནས་བཀྲམ།
  • དོ་སྣང་ཆེ་བའི་རྩོམ།