གནམ་ལོ་གསར་པར་ཕུལ་བའི་ཤིག་ཚིག

མཁས་གྲུབ་ནོར་བུ།        2019-02-18

མཐོན་མཐིང་ཨ་སྔོན་དབྱིངས་ནས་སྤྲིན་དཀར་ལྷ་རས་དཀར་པོའི་དར་ཟམ་བརྐྱངས།།

དོག་མོ་ས་གཞི་ཡངས་པོར་མཛེས་སྡུག་ཁ་བ་དཀར་པོའི་གོས་བཟང་བཀླུབས།།

གང་འདོད་རེ་འབྲས་སྨིན་པའི་ལོ་རྙིང་ས་ཕོ་ཁྱི་ལོ་ཕར་སྐྱེལ་ཏེ།།

ཡིད་སྨོན་ཕུགས་རེས་བཀང་བའི་ས་ཕག་གནམ་ལོ་གསར་ཚེས་མདུན་བསུ་འོ།།

 

རྒྱལ་ཁབ་འབྱོར་ཕྱུག་ལྡན་ཞིང་སྤྱི་ཚོགས་དར་ཞིང་རྒྱས་པ་དབྱར་ཀའི་མཚོ།།

མི་རིགས་མཐུན་སྒྲིལ་དམ་ཟབ་འགྲོགས་བདེ་མཛའ་བརྩེའི་འོ་ཆུ་གཅིག་ཏུ་འདྲེས།།

འཛམ་གླིང་ཞི་བདེའི་ཉི་འོད་རིས་མེད་གླིང་གྲུ་ཀུན་ཏུ་སྤྲོ་མཛད་ཅིང་།།

རྗེ་འབངས་མི་སེར་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཚོགས།།

 

རྒན་རབས་ཉམས་མྱོང་མཁན་པོ་སྐུ་ཉིད་སྙུང་གཞི་ཀུན་བྲལ་རིང་འཚོ་ཞིང་།།

དར་མ་འཇོན་ཅན་ཚོགས་ཀྱི་གང་བྱེད་སེམས་ཀྱི་ལམ་ཐིག་བརྒྱུད་དང་ལྷན།།

གཞོན་བྱིས་བློ་གསལ་ཅན་དག་རིག་པའི་སྒོ་མོ་འབྱེད་ལ་ཐོགས་མེད་ཅིང་།།

གང་དག་འཕྲིན་ལས་སྒྲུབ་མཛད་ཅི་བསམ་ཡིད་བཞིན་གེགས་མེད་འགྲུབ་གྱུར་ཅིག།

 

བཀྲ་ཤིས་གནམ་ལོ་གསར་ཚེས་བསྐལ་བཟང་རྟེན་འབྲེལ་ཚོགས་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་རྒྱལ་ཁམས་དར་ཞིང་འབངས་མི་བདེ་ལ་འཁོད་པའི་བཀྲ་ཤིས་ཤོག །

བཀྲ་ཤིས་ཅི་བསམ་ལྷུན་འགྲུབ་དགེ་མཚན་འབུམ་གྱིས་ཕྱུག་པའི་བཀྲ་ཤིས་ཤོག །

བཀྲ་ཤིས་དགེ་ལེགས་དཔལ་འབར་འཛམ་གླིང་ཞི་ཞིང་འཇགས་པའི་བཀྲ་ཤིས་ཤོག།


  • ལེ་ཚན་སྔོན་མ།:བཀྲ་ཤིས་སྨོན་ཚིག
  • ལེ་ཚན་རྗེས་མ།:བོད་རབ་རྒྱན་ས་ཕག་ལོའི་གནམ་ལོ་གསར་པའི་ལེགས་སྐྱེས།