འུ་གཉིས་ལ་དཀྲོལ་མ་ཚར་བའི་རོལ་དབྱངས་ཡོད།

དབྱངས་ཡིག        2019-01-30

འཇིག་རྟེན་གྱི་བྱ་དང་བྱེའུ།

ཁོ་ཚོ་ལ་འཕུར་བསྐྱོད་ཀྱི་དམིགས་རྒྱང་རིང་བོ་མེད་ཀྱང་།

ཁེར་རྐྱང་བ་ཅི་འདྲའི་མང་བ་ལ་ཨང་།

 

ཁྱོད་ནི་སྡོང་བོ་ལྟར་མལ་སར་མི་འགྱེལ་བ་ཞུ།

ངས་ནམ་ཡང་ཁྱོད་ཀྱི་མིང་ཙམ་ཡང་ངག་ལ་འཛིན་མི་སྲིད།

 

ཁྱོད་ནི་ཁ་བ་ལ་དགའ་ཡང་།

དགུན་ཁ་ལ་ཧ་ཅང་སྐྲག

ངས་གཞི་ནས་ཚོར་བྱུང་སྟེ།

གྲང་ངར་དང་མུན་པ་ལ་དེ་བས་ཀྱང་སྐྲག་གིན་འདུག

ཡིན་ཡང་ངས་ཁྱོད་ལ་ལག་འཇུ་ཐེངས་ཤིག་བྱ་མི་སྲིད།

 

ཁྱོད་དགོངས་འགལ་མེད་པ་ཞུ།

ང་ནི་སྔ་ཞིག་ནས་ཁྱི་ལྡོམ་ཞིག་ཡིན་པས།

ད་ལྟ་ཡང་དེ་ལྟར་ཞིག་ཡིན་ལ།

མ་འོངས་པར་ཡང་དེ་ལྟར་ཞིག་ཅི་ལ་ཡིན་མི་སྲིད།

དེ་བས་ཁྱོད་ངའི་ཉེ་བ་བཅར་མི་འོས།

 

གཉིད་མ་ཡུར་བའི་མི་ཕོ་ཞིག

ཁྱོད་ཀྱི་ལམ་མདོ་རུ་ཉལ་ངེས།

རྣམ་དག་མེད་པ་དེའི་ཉེ་བ་བཅར་རོགས།

དུས་དེ་ནས་ཁྱོད་ལ་གཞི་ནས་འཚོ་བ་པ་ཞེས་འབོད་ལ།

ངའི་མིང་དང་གྲིབ་མ་ཙམ་ཡང་ཡོད་མི་སྲིད་པས།

ཁྱོད་ཧ་ཅང་དྭངས་ངེས།

 

ང་ནི་ཕྱིར་བལྟས་མེད་པར་འགྲོ་ཁུལ་བྱས་ཀྱང་།

ངས་ཁྱོད་ལ་སྙན་ངག་འབྲི་བཞིན་ཡོད།

དེ་ནི་འུ་གཉིས་ལ་རྫོགས་ཚིག་གི་ཚུལ་དུ་བྲིས་ཀྱང་།

ཁྱོད་ནི་ཚེ་གཅིག་ལུས་གཅིག་མེ་ཏོག་གི་དཀྱིལ་

དུ་བཞད་དགོས།


  • ལེ་ཚན་སྔོན་མ།:ཁྱོད་དྲན་པ་འདི་སྡུག་བསྔལ་ནག་པོ་ཞིག་རེད།
  • ལེ་ཚན་རྗེས་མ།:ལྟག་སྤྲོད།