མཛེས་མའི་ལུང་པ་རོང་བྲག

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2019-01-29

 རོང་བྲག་རྫོང་ཁོངས་སུ་གཡང་གཟར་གྱི་རི་བོ་བང་རིམ་དུ་ཆགས་ཤིང་གྲོག་རོང་ས་ཁུལ་གྱི་ཡུལ་ལྗོངས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་རེད། འདི་ན་ནི་སི་ཁྲོན་ནུབ་རྒྱུད་གྲོག་རོང་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་རི་མཐོ་གྲོག་རོང་གི་དཔེ་མཚོན་ས་ཁུལ་ཡིན། མཚོ་བོད་མཐོ་སྒང་གི་དུས་རླུང་དང་བསྟུན་པའི་གནམ་གཤིས་དྲོ་གྲང་ཆ་ཡོངས་སུ་སྙོམས་པའི་དམིགས་བསལ་གྱི་ས་གཤིས་ཆགས་ཚུལ་དང་ཆུའི་ཐོན་ཁུངས་འབེལ་བས་རོང་བྲག་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རོང་བྲག་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེ་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་སྡེ། ཀྲུང་གོའི་མཇེས་ལྗོངས་གྲོང་སྡེ། གནའ་བོའི་མཁར་རྫོང་དང་བོད་གྲོང་། མཛེས་མའི་ལུང་པ། མོ་བཟའ་རྒྱལ་མོའི་ཕ་ཡུལ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་གྲོང་ཁྱེར་དང་པོ། རང་བྱུང་ས་གཤིས་རིག་པའི་དངོས་མང་ཁང་སོགས་ཡུལ་སྐོར་ཚབ་མཚོན་གྱི་ཟོང་རྟགས་གྲགས་ཅན་མང་པོ་རོང་བྲག་རྫོང་གི་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ཟིན་པ་རེད།   

མཛེས་མའི་ལུང་པ་རོང་བྲག

རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་གྲོང་ཁྱེར་དང་པོ།

དགུན་ཁར་རོང་བྲག་ཏུ་སླེབས་སྐབས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་དག་རིམ་པ་ལྟར་ཆགས་ཤིང་། ཡངས་པའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཅིང་། གྲོང་གསར་དུ་མ་ས་འོག་ནས་ཤ་མོ་བརྡོལ་བ་བཞིན་བཀྲ་ལམ་མེར་གནས། ག་ས་གར་གྲོང་རྡལ་འཛུགས་སྐྲུན་གྱི་ལས་ལ་བྲེལ་བའི་རྣམ་པ་ཁེངས་ཤིང་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད་པ་རེད།

  ལོ་ན76ལོན་པའི་དབྱང་ཁྲེང་ཀྲི་ནི་ཡུལ་དེར་འཚར་ལོངས་བྱུང་བའི་རོང་བྲག་རྫོང་གི་མི་ཡིན། ལོ་བཅུ་ཕྲག་ཁ་ཤས་སྔོན་གྱི་རོང་བྲག་གི་གནས་ཚུལ་བཤད་ན། མི་རྒན་གྱིས་ཚོར་སྣང་ཟབ་མོའི་ངང་སྔོན་མར་རོང་བྲག་རྫོང་དུ་ཁྲོམ་ལམ་གཉིས་ལས་མེད། ཁྲོམ་ལམ་ཟུར་གཉིས་ལ་ཚོང་ཁང་རྙིང་རལ་དང་སྡོད་ཁང་འགའ་ཡོད། སྐབས་དེར་ཆེས་བརྗིད་ཉམས་ལྡན་པའི་བཟོ་བཀོད་ནི་སྲིད་གཞུང་གི་ཐོག་བརྩེགས་གཉིས་ཅན་དེ་ཡིན་པ་རེད། ཨར་འདམ་གྱི་གཞུང་ལམ་མེད་ལ་སྣུམ་སྙིགས་གཞུང་ལམ་དེ་བས་ཀྱང་འདིང་མེད་པ་རེད། རླུང་འཚུབ་རེ་རྒྱག་ཡོང་དུས་ལུས་པོ་ཚང་མར་ཐལ་རྡུལ་གྱིས་ཁེངས་བཞིན་པ་དང་དགོང་མོར་ཁྲོམ་ལམ་དུ་ལམ་སྒྲོན་མེད་པས་གལ་སྲིད་བྱ་བ་ཚབས་ཆེན་མེད་ན་མི་སུའང་སྒོ་ཕྱིར་མི་འབུད་པ་རེད་ཅེས་བཤད།

  སྔོན་མར་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་སྟབས་རྒྱལ་གཉེར་བཟོ་གྲྭ་མང་པོ་ཡུལ་འདིར་བཅའ་སྡོད་བྱས་ཏེ་གྲོང་ཁྱེར་རྒྱ་སྐྱེད་བཏང་བར་མ་ཟད། ད་དུང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད། གནས་ཚུལ་དེ་དག་གི་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྔོན་མའི་རྫོང་ཁུལ་གྱི་རྣམ་པ་དེ་དབྱང་ཁྲེང་ཀྲིའི་མིག་ལམ་དུ་ཡང་བསྐྱར་གསལ་པོ་མངོན། ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་དོན། སྐབས་དེར་རོང་བྲག་རྫོང་དུ་ལྷང་ཚེར་གཏེར་ཁའི་བཟོ་གྲྭ་དང་། ཆུ་ལམ་སྐྱེལ་འདྲེན་ཁྲུའུ། 402ས་གཤིས་རུ་ཁག་དང་ནགས་ཚལ་བཟོ་ལས་ཅུས་སོགས་ཁེ་ལས་ཆེན་པོ་བཞི་ཡོད། ཁེ་ལས་འདི་དག་གིས་རྫོང་མཁར་དུ་རང་ཉིད་ཀྱི་ལས་གཞི་ཁང་དང་། སློབ་གྲྭ། སྨན་ཁང་། ལས་བཟོའི་སྡོད་ཁང་སོགས་བསྐྲུན་ནས་རྫོང་མཁར་གྱི་གཞི་ཁྱོན་རྒྱ་སྐྱེད་བཏང་བར་མ་ཟད། རྫོང་མཁར་གྱི་ཁ་ལས་ཇེ་རྒྱས་སུ་གཏོང་ཞིང་། ཁྲོམ་ལམ་དང་སྡོད་ཁང་སྔར་བས་མཛེས་པ་བྱུང་བ་རེད།

   བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་འབད་པ་ལྷུར་ལེན་བྱས་པར་བརྒྱུད། རོང་བྲག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་འདྲའི་འགྱུར་ལྡོག་བྱུང་ཡོད་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་ཀ་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱུང་ནས། ལོ40ཡི་རིང་ཐོག་མའི་ཤིང་རྡོ་ལས་གྲུབ་པའི་སྡོད་ཁང་ཐོག་ཅིག་མ་དང་། དེ་ནས་ད་ལྟའི་གློག་སྐས་ཅན་གྱི་སྡོད་ཁང་བྱུང་བའི་ལོ་རྒྱུས་བར། ད་ལྟར་ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་བསྡད་ཡོད་པའི་དབྱང་ཁྲེང་ཀྲི་ཡིས་ཁྱིས་གཞིས་ཐེངས་འགའ་སྤོ་མྱོང་། ཁྱིམ་གཞིས་ཐེངས་རེར་སྤོ་དུས་ཁོང་ལ་མྱོང་ཚོར་གསར་པ་རེ་ཡོད་འདུག སྡོད་གནས་ཀྱི་ཁོར་ཡུག་ཇེ་སྐྱིད་དང་མཐའ་སྐོར་གྱི་སྒྲིག་ཆས་སྔར་བས་འཐུས་ཚང་ཡིན་པ་དང་། སྡོད་གནས་དང་རྒྱང་ཐག་མི་རིང་བའི་སར་སྒོ་རྩིས་ཚོང་ར་དང་སྨན་ཁང་ཡོད། དགོང་མོར་ད་དུང་ཆུ་འགྲམ་ལམ་དང་རྐང་ཐང་འགྲོ་ལམ་དུ་སོས་དལ་བག་ཕེགས་ངང་འཆམ་འཆམ་དུ་འགྲོ་ཆོག རྫོང་མཁར་གྱི་རྐང་ཐང་འགྲོ་ལམ་ཁྲོམ་རར་གསར་འགོད་པས་རྒྱལ་རོང་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་གྱང་ངོས་དེ་དག་ཡུལ་དེའི་བཟོ་སྐྲུན་དང་གཞི་གཅིག་ཏུ་གྱུར་འདུག་པ་མཐོང་བྱུང་།

མཛེས་མའི་ལུང་པ་རོང་བྲག

  རྣམ་པ་བསྒྱུར་བཀོད་བྱས་རྗེས་རྫོང་མཁར་ཇེ་མཛེས་སོང་ཞིང་རྐང་ཐང་འགྲོ་ལམ་དུ་སྔར་བས་མི་མང་འཛོམས་བཞིན་པ་རེད། ང་རང་གིས་ཚོང་ཁང་གི་གནས་ཡུལ་གསར་པ་བརྗེས་བའི་ཐོག་ཡང་བསྐྱར་རྒྱན་བཟོ་བྱས་ཟིན་པས། འདི་འདྲ་བྱས་ན་དེ་བས་ཚད་ལྡན་ཡིན་ལ་གྲ་འགྲིག་པོ་དང་བརྗིད་ཆགས་ལྡན་པ་རེད། ཕྱིན་ཆད་འདི་ན་ཡུལ་སྐོར་འཕེལ་ཁ་དར་སྐབས་མི་དེ་བས་མང་ནས་ངེད་ཚང་གི་ཚོང་དེ་བས་བྲིན་རྒྱུ་རེད་ཅེས་ཟ་ཁང་གི་བདག་པོ་གཡུང་དྲུང་གིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས་རྗེས། སླར་ཡང་ཁྱད་པར་དུ་རྫོང་མཁར་གྱི་འགྲིམ་འགྲུལ་ཐད་འཕོ་འགྱུར་ཆེན་པོ་བྱུང་ཡོད། སྔོན་མར་དུས་ཆེན་སྐབས་སུ་རླངས་འཁོར་འཚང་ནས་གཞུང་ལམ་ཐག་རིང་ནས་འགག་འགྲོ་བ་རེད། རྣམ་པ་བསྒྱུར་བཀོད་དང་གཅིག་བསྡུས་ལེགས་བཅོས་བྱས་རྗེས་རླངས་འཁོར་འཇོག་ས་ཚད་ལྡན་དང་གོ་རིམ་ལྡན་ནས་ད་ལྟར་རླངས་འཁོར་འགག་གྲངས་ཧ་ཅུང་ཉུང་བ་རེད། འདི་འདྲའི་སྡོད་གནས་དང་ཡུལ་སྐོར། ཚོང་གཉེར་སོགས་བྱེད་འཕྲོད་པའི་ཁོར་ཡུག་ཅིག་ཡོད་པ་ནི་ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་དང་སྤུས་ཚད་མཐོར་འདེགས་གཏོང་བའི་ཕན་འབྲས་རེད་ཅེས་བཤད་པ་རེད།
  རོང་བྲག་རྫོང་གི་ལས་གཞིའི་ལྟེ་གནས་ཀྲུའུ་རེན་ཐང་ཀོན་ཆང་གིས་གསར་འགོད་པར་ང་ཚོས་སྲུང་སྐྱོང་གི་ཁྲོད་དུ་རྒྱུད་འཛིན་དང་རྒྱུད་འཛིན་གྱི་ཁྲོད་དུ་སྲུང་སྐྱོང་བྱེད་པའི་རྩ་དོན་ལྟར། དགེ་མཚན་ལྡན་པའི་ཡུལ་སྐོར་གྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་བའི་དམིགས་ཡུལ་ཡང་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲུབ་ཆ་སྔོག་འདོན་གང་ལེགས་བྱས་ཏེ་རོང་བྲག་གི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་འདྲིས་མ་ལག་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་ཐུབ་པའི་ཆེད་དུ་རེད། ཉེ་བའི་ལོ་ཤས་རིང་། ང་ཚོས་རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དང་མཐུན་པའི་བཟོ་བཀོད་ཀྱི་ཁྱད་ཆོས་གཙོ་བོར་བྱས་ཏེ། གནའ་བོའི་མཁར་རྫོང་དང་བོད་གྲོང་སོགས་ཀྱི་བཟོ་བཀོད་དུ་ཚོན་མདངས་དམར་པོ་དང་། དཀར་པོ། ནག་པོ་བཅས་གཙོ་བོར་བྱས་ཏེ་བརྗིད་ཉམས་ལྡན་པའི་རྫོང་མཁར་གྱི་རྣམ་པ་བསྒྱུར་བཀོད་དང་གྲོང་ཁྱེར་གྱི་བྱེད་ནུས་མུ་མཐུད་དེ་ཆེ་རུ་གཏོང་བ་དང་། སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་གཞུང་ལམ་གྱི་སྤུས་ཚད་མཐོར་འདེགས་ཐུབ་པ་བྱས་ནས་གྲོང་མིའི་དགོས་མཁོ་བསྐངས་ཡོད་ཅེས་བཤད་པ་རེད།2018ལོར་རོང་བྲག་རྫོང་གིས་སྒོར་ཁྲི9100གཏང་རྒྱུའི་འཆར་གཞི་བཞག་ནས་སྤྱིའི་བཟོ་སྐྲུན་གཞི་ཁྱོན་སྨི་གྲུ་བཞི་མ252961གི་རྣམ་པ་བསྒྱུར་བཀོད་བྱས་ཟིན་པ་རེད། མིག་སྔར་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད་ལས་གཞི་ལེགས་འགྲུབ་བྱུང་ཚར་བ་དང་། རྫོང་དེས་མ་དངུལ་རང་གྲབས་ཀྱི་བྱེད་ཐབས་སྤྱད་ནས་འཛུགས་སྐྲུན་མ་དངུལ་སྒོར་ཁྲི5739.58གཏོང་སྤྲོད་བྱས་ཟིན་པ་རེད།།

དམངས་ཀྱི་ཟས་གོས་འགྲོ་སྡོད་སྔར་མེད་འཕོ་འགྱུར་བྱུང་། 

 དགུན་ཁའི་ཉི་འོད་ས་གཞི་ཆེན་པོར་འཕྲོས་ནས་དྲོ་སྐྱིད་རབ་ཏུ་ལྡན།ཟླ་བ12པའི་ཚེས4ཉིན། རོང་བྲག་གི་ཁྱད་ཆོས་ལྡན་པའི་བོད་ཁང་གྲ་སྒྲིག་པོར་བསྟར་ཡོད་ཅིང་།ཨར་འདམ་གཞུང་ལམ་གྲོང་ཚོ་དང་དུད་ཚང་གི་སྒོ་ཁར་བསྲིངས་ཡོད་ལ།གྲོང་སྡེའི་རྣམ་པ་ཇེ་ཡག་ཇེ་མཛེས་སུ་སོང་ཡོད་པའི་རྣམ་པ་ཞིག་གསར་འགོད་པས་རོང་བྲག་རྫོང་ཕྱོགས་ཟུར་ཤང་མཁར་རྫོང་གཅིག་གྲོང་ཚོར་བཅར་འདྲིར་ཕྱིན་དུས་མཐོང་བྱུང་།

 མཁར་རྫོང་གཅིག་གྲོང་སྡེའི་ཡུལ་མི་ཀའོ་ཅན་གྱི་ཁྱིམ་དུ་སླེབས་དུས་ཧ་ལས་དགོས་པ་ནི་མིག་ལམ་དུ་མགྲོན་ཐུག་ཁང་ལ་རྒྱན་སྤྲས་གསར་པ་བྱས་ཡོད་ཅིང་།ཇ་ལྕོག་དང་།འབོལ་ཁྲི།བརྙན་འཕྲིན་འཕྲུལ་ཆས།འཁྱགས་སྒམ།གོས་འཁྲུད་འཕྲུལ་ཆས་སོགས་དེང་རབས་ཀྱི་ཁྱིམ་ཆས་ཆ་ཚང་ཡོད་པའི་རྣམ་པ་མངོན་བྱུང་།ཡུལ་མི་ཚོའི་ད་ལྟའི་འཚོ་བར་ལྷུག་བརྗོད་བྱས་དུས་ཀའོ་ཅན་གྱིས་དྲིན་དྲན་གྱི་ཚོར་སྣང་དྲག་པོའི་ངང་ནས་ལོ་འགའི་ནང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོའི་འོག་ང་ཚོའི་འཚོ་བར་ལེགས་བཅོས་ཆེན་པོ་ཐོབ་ཡོད་ལ། འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་ཕྱིན་པ་དང་།གྲོང་སྡེར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་རེད།གྲོང་མི་ཚོས་ཞོག་ཁོག་དང་། མ་རྨོས་ལོ་ཏོག སྨན་རྫས་སོགས་འདེབས་འཛུགས་བྱེད་པ་དང་ཕྱིར་གླ་པ་འགྲོ་བ།ཡུལ་མིའི་གནས་ཚང་བཟོ་བ་སོགས་བརྒྱུད་ནས་ཡུལ་མི་ཚོས་ནོར་སྤེལ་ཕྱུག་སྒྱུར་གྱི་ཐབས་ལམ་འཚོལ་ཐུབ་པ་བྱུང་ཡོད་ཅེས་བཤད། 

མཛེས་མའི་ལུང་པ་རོང་བྲག

 ད་ལྟར་ཡུལ་མིའི་ཚོའི་ལག་ཐོག་ཏུ་དངུལ་ཡོད་པའི་དབང་གིས།སྡོད་ཁང་གསར་པ་བསྐྲུན་ཡོད་ཅིང་།རླངས་འཁོར་ཆུང་ཆུང་ཡང་ཉོས་ཡོད།ཟས་གོས་འགྲོ་སྡོད་བཞི་པོར་འཕོ་འགྱུར་ཆེན་པོ་བྱུང་བ་དང་།མི་ཚང་མས་གྲོང་ཁྱེར་ནང་གི་མི་ནང་བཞིན་འཚོ་བ་རོལ་བཞིན་ཡོད་པ་རེད་ཅེས་འགྲམ་དུ་ཡོད་པའི་ཀའོ་ཅན་གྱི་ཨ་ཕ་ཀའོ་ཐན་ཀོན་གྱིས་སྐད་ཆ་དེ་དག་བཤད་བཞིན་དུ་གདོང་དུ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས། 

 ལོ་ན70སོན་པའི་ཀའོ་ཐན་ཀོན་ནི་དགེ་རྒན་བྱས་མྱོང་བ་དང་ད་ལྟར་ཁྱིམ་དུ་ལས་འཁྱུར་ངལ་གསོ་བྱེད་བཞིན་ཡོད།ཁོས་རང་ཉིད་ནི་རོང་བྲག་ཏུ་དུས་ཡུན་རིང་པོར་བསྡད་ཡོད།ད་ལྟར་དྲན་གསོ་བྱས་ན་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་རོང་བྲག་ལ་འཕོ་འགྱུར་ཆེན་པོ་ངོ་མ་བྱུང་ཡོད་ཅེས་བཤད་རྗེས་ངོ་སྤྲོད་འདི་ལྟར་བྱས་པ་སྟེ།

  བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ40རིང་ངས་རང་ཉིད་དང་ཉེ་འགྲམ་གྱི་མི་སེར་ཚོའི་འཚོ་བའི་ཕྱོགས་གང་ཐད་ལ་འཕོ་འགྱུར་ཆེན་པོར་བྱུང་ཡོད་པ་བདེན་དཔང་བྱས་ནུས།ད་ལྟར་མི་རྣམས་ཀྱིས་དུས་དར་གྱི་གོས་གྱོན་པ་དང་བཟའ་རྒྱུ་ལ་འཚོ་བཅུད་འདང་ཞིང་།སྡོད་ས་ནི་ཐོག་ཁང་ཡིན་ལ།འགྲོ་ས་ནི་གཞུང་ལམ་ཡིན་པ་རེད།བཅོས་བསྒྱུར་སྒོ་འབྱེད་མ་བྱས་སྔོན་དུ་རྒྱལ་ཁབ་དབུལ་ཕོངས་ཡིན་པ་དང་འཆར་གཞི་དཔལ་འབྱོར་གྱིས་ཚོདའཛིན་བྱས་པའི་རྐྱེན་གྱིས།མི་སེར་རེར་ལོ་རེར་རས་འཛིན་ཁྲི་ཙེ་ཉེར་གསུམ་ལས་མེད་ཅིང་སྟོད་ཐུང་གཅིག་དང་དོར་མ་གཅིག་ལས་དྲུབ་མི་ཐུབ།བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་བྱས་པར་བརྒྱུད་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟབས།མི་སེར་རྣམས་ཀྱི་དངུལ་ཁུག་ཀྱང་རིམ་བཞིན་ཇེ་མང་དང་འཚོ་བ་ཉིན་རེ་བཞིན་སྐྱིད་པོ་བྱུང་བ་རེད།ཕོ་མོ་རྒན་གཞོན་ཚང་མས་དུས་དར་གྱི་གོས་འདྲ་མིན་སྣ་ཚོགས་གྱོན་ཞིང་བཅོས་བསྒྱུར་མ་བྱེད་སྔོན་གྱི་གོས་གསར་པ་ལོ་གསུམ་གྱོན།རྙིང་ནས་ལོ་གསུམ་གྱོན།ལྷན་པ་བརྒྱབ་ནས་ལོ་གསུམ་གྱོན་ཞེས་པའི་དབུལ་ཕོངས་ཀྱི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་ཡོད། 

མཛེས་མའི་ལུང་པ་རོང་བྲག

ས་ཞིང་ནི་ཐུན་མོང་གིས་འདེབས་འཛུགས་བྱེད་པ་དང་།འབྲུ་རིགས་ཐུན་མོང་གིས་བསྡུས་པ།ཡོང་འབབ་ཐུན་མོང་གིས་བགོས་པའི་དུས་རབས་སུ་ལས་བྱེད་པ་ཡིན་ནའང་འདྲ།བཟོ་པ་ཡིན་ན་འདྲ།ཡང་ན་ཞིང་པ་ཡིན་ནའང་འདྲ་ཚང་མས་ཕྱིར་བཙོང་འབྲུ་རིགས་བཟའ་དགོས་པ་རེད།མི་སེར་གྱིས་འབྲས་དང་རྒྱ་ཐུག་གོ་རེ་སོགས་བཟའ་ཐུན་གཅིག་ཏུ་ཕོ་བ་འགྲངས་ཐུབ་ན་མི་ཚེ་གཅིག་བརྗེད་མི་ཐུབ་པ་རེད།ཉིན་གཅིག་གི་ལྟོ་ཐུན་གསུམ་ག་ནི་ཐུག་པ་སླ་མོ་དང་ཞོག་ཁོག་ཡིན།སྐབས་དེར་ལས་བྱེད་པ་དང་།བཟོ་པ།ལག་རྩལ་པ་རྣམས་ཀྱི་ལག་ཐོག་མ་དངུལ་ཉུང་ཉུང་ཅིག་སྤྱད་རྒྱུ་ཡོད་པས་འཚོ་བ་ཅུང་ཙམ་ཡག་པོ་ཡིན་རེད།ད་ལྟར་དངོས་པོ་ཕུན་སུམ་ཚོགས་པོ་ཡིན་པ་དང་ཟས་རིགས་སྣ་མང་འཛོམས་པ།ཅི་བཟའ་བསམ་ན་བཟའ་ཆོག་པ་དང་བཟའ་རྒྱུ་མེད་པའི་སེམས་ཁྲལ་བྱ་མི་དགོས་པར་མ་ཟད།ད་རུང་བཟས་མང་ནས་ལུས་པོར་གནོད་པའི་སེམས་ཁྲལ་བྱ་དགོས་པ་རེད།དུས་རབས་གོང་མའི་ལོ་རབས80ནས90ཡི་བར།བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་བར་བརྒྱུད།ཞིང་སྡེའི་དཔལ་འབྱོར་ལ་གསོན་ཤུགས་འབར་བས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་།ཞིང་སྡེར་བསྐྲུན་པའི་སྡོད་ཁང་ཇེ་མང་དུ་ཕྱིན་ཡོད་མོད།སྡོད་ཁང་བསྐྲུན་ལུགས་ཐེབས་ཆག་ཡིན་པ་རེད།དུས་རབས་གསར་པ་བསླེབས་དུས་མི་རྣསས་ཀྱིས་བསྐྲུན་པའི་སྡོད་ཁང་ནི་མཛེས་ཤིང་བརྗིད་ཉམས་ལྡན་པ་དང་སྤྱོད་གོ་ཆེ་ཞིང་།ལོ40སྔོན་གྱི་ས་ཕག་གིས་བཟོས་པའི་ཁང་པ་ཐོག་གཅིག་མར་སྡོད་པའི་ལོ་རྒྱུས་རྦད་དེ་མཇུག་སྒྲིལ་ཡོད་པ་རེད།ད་ལྟ་ང་ཚོའི་ཕ་ཡུལ་དུ་གྲོང་བགྲོད་དང་ཤང་བགྲོད་ཀྱི་ཨར་འདམ་གཞུང་ལམ་ལས་ཡོད་པར་མ་ཟད།གྲོང་ཚོ་ཚང་མར་བརྙན་འཕྲིན་དང་རྒྱང་བསྒྲགས་ཁེབས་ཡོད།སྒེར་སྤྱོད་རླངས་འཁོར་ཉོ་མཁན་ཇེ་མང་དུ་སོང་ཞིང་གར་འགྲོ་བསམ་ན་ཧ་ཅང་སྟབས་བདེ་མོ་རེད།ང་ཚོའི་མི་རབས་འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱེད་པར་མིག་མཐོང་ལག་ཟིན་བྱེད་མཁན་ཡིན་ལ།ཞུགས་མཁན་དང་ཁེ་ཕན་ཐོབ་མཁན་ཡང་ཡིན།  བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ40རིང་རོང་བྲག་རྫོང་གི་དཔལ་འབྱོར་ལ་གོང་འཕེལ་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བར་བདེ་སྡོད་ལས་བརྩོན་ཡིན་ནོ།། 

གྲོང་ཡུལ་དུ་བསྲིངས་པའི་ཕྱུག་འགྱུར་ལམ་བུ།

  ཉེ་ཆར། གསར་འགོད་པ་རོང་བྲག་རྫོང་གི་ཡུལ་གྲོང་ཁ་ཤས་ལ་སོང་སྐབས།ཞིང་སྡེ་གཞུང་ལམ་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པའི་མྱོང་ཚོར་ཆེན་པོ་སྐྱེས།ཡངས་ཤིང་དྲས་གཙང་བའི་ཨར་འདམ་དང་སྣུམ་སྙིགས་གཞུང་ལམ་གསར་པ་རྒྱང་རིང་ཡུལ་གྲོང་དུ་བསྲིངས་པར་བརྟེན། རོང་བྲག་རྫོང་གི་ཞིང་སྡེའི་དེ་སྔོན་གྱི་ཐལ་རྡུལ་འཚུབ་ཅིང་འབར་འབུར་འདམ་དུང་མང་བའི་འགྲོ་ལམ་གྱི་ལོ་རྒྱུས་རྩད་ནས་རྫོགས་ཤིང་།མང་ཚོགས་འགྲོ་འོང་དཀའ་བ་དང་ཕྱུག་འགྱུར་དཀའ་བའི་དཀའ་ཁག་ལས་ཀྱང་བསྒྲལ་བ་རེད། 

  དེ་སྔོན་གྲོང་ཡུལ་གྱི་རྐང་ལམ་ཕྲ་མོ་ནི་གྲོང་ཡུལ་དར་རྒྱས་འགྲོ་བའི་བཀག་རྡོ་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཅུ་འགག་ཏུ་གྱུར་ཡོད་པ་རེད།རོང་བྲག་རྫོང་སོག་ཕོ་ཡུལ་ཚོ་འབོ་ལུང་གྲོང་སྡེའི་གྲོང་མི་ཞའོ་སུང་ཡིང་གིས་སེམས་འགུལ་ཐེབས་པའི་ངང་ང་ཚོས་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟར་ཞིང་སྡེའི་གཞུང་ལམ་ལས་ཐུབ་པར་རེ་སྒུག་བྱེད་པ་དེ་ད་རེས་ཡོངས་སུ་གྲུབ་སོང་།ང་ཚོའི་དབུལ་ཐར་ཕྱུག་སྒྱུར་གྱི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་བཤད་པ་རེད། 

  ས་གནས་འདི་གའི་ཁོར་ཡུག་ཧ་ཅང་ཡག་གི།ཆེས་མཛེས་པའི་ཡུལ་གྲོང་ཞེས་མིང་བཏགས་པ་ངོ་མ་དོན་ལ་གནས་འདུག སྤྱི་གླིང་ཞེས་དང་ཨ་ན་མ་ན་རེད་ཅེས་འགྲུལ་པ་ཁ་ཤས་ཀྱིས་དྲས་གཙང་བའི་ཡུལ་གྲོང་གི་འགྲོ་ལམ་དང་རྒྱལ་མོ་ཚ་བ་རོང་གི་ཁྱད་ཆོས་ཀྱིས་ཕྱུག་པའི་སྡོད་ཁང་།གནའ་ཉམས་དོད་པའི་མཁར་རྫོང་།མོ་བཟའ་རྒྱལ་མོའི་ཤུལ་གནས་བཅས་མིག་ལམ་དུ་མངོན་པའི་རྗེས་སུ་ཧ་ལས་པའི་ངང་དེ་ལྟར་བཤད་པ་རེད།

  ལམ་ཡག་པོ་ལས་ཡོད་པའི་བཀའ་དྲིན་གྱིས་གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ངེད་ཚང་གི་གྲོང་མིའི་སྣེ་ལེན་ཁང་བཙུགས་ནས་ཚོང་ཧ་ཅང་བྲིན་པོ་བྱུང་བས་ལོ་རེར་སྒོར་ཁྲི་བཅོ་ལྔ་བཅུ་དྲུག་རག་ཤག་ཤག་རེད། ཅེས་གྲོང་མིའི་སྣེ་ལེན་ཁང་དང་པོ་བཙུགས་པའི་གྲས་སུ་ཚུད་པའི་ཞའོ་སུང་ཡིང་གིས་དེ་ལྟར་བཤད་པ་དང་། དེ་ནས་གྲོང་སྡེའི་གཞུང་ལམ་སྐོར་སླར་ཡང་གླེང་བའི་ཚེ། མོས་ལམ་འདི་ནི་དམངས་ཕན་གྱི་ལམ་ཞིག་ཡིན་ལ་ཕྱུག་སྒྱུར་གྱི་ལམ་ཞིག་ཀྱང་ཡིན། ལམ་འདིས་ཡུལ་གྲོང་དབུལ་པོའི་ཕྱི་འབྲེལ་གྱི་སྒོ་མོ་ཕྱེ་བ་རེད། དེ་ལ་བརྟེན་ནས་ང་ཚོའི་གྲོང་སྡེ་ཡང་ཡུལ་སྐོར་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཐུབ་ཡོད།ཁམས་གསོ་དང་སྤྲོ་གསེང་ཡུལ་སྐོར་གཙོ་བོར་ཡིན་པའི་གྲོང་ཡུལ་ཡུལ་སྐོར་བྱེད་སྟབས་ཤིག་རགས་ཙམ་ཆགས་པ་རེད།དེ་དང་མཉམ་དུ་གྲོང་མིའི་སྒོར་ཁུག་ཀྱང་ཉིན་རེ་བཞིན་ཇེ་ཆེར་སོང་ཡོད་ཅེས་བཤད་པ་རེད། 

  འབོ་ལུང་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་མགོན་པོས་མིག་མདུན་གྱི་སྤྱི་ལེ3.8ཡོད་ཅིང་ཞེང་ཚད་ལ་སྨི6ཡོད་པའི་ཨར་འདམ་གཞུང་ལམ་ལ་བལྟས་ནས་སྔོན་མ་ཡིན་ན་གྲོང་སྡེའི་གང་ས་གང་ལ་ས་ལམ་ཡིན་ཞིང་། ཆར་ཆུ་འབེལ་དུས་ང་ཚོས་འདེབས་འཛུགས་བྱས་པའི་ཤིང་འབྲས་དང་སྔོ་ཚལ།གསོ་བའི་ཁྱིམ་བྱ་དང་དེའི་སྒོ་ང་སོགས་ཕྱིར་འདྲེན་ཐུབ་ཀྱི་ཡོད་པ་མ་རེད།ད་ལྟར་དེ་འདྲ་རྩ་བ་ནས་མ་རེད།ཚོང་པ་རྣམས་ཐད་ཀར་ང་ཚོའི་སྒོ་ཁར་ཡོང་ནས་ཡུལ་ཐོན་ཁྱད་རྫས་ཉོ་སྒྲུབ་བྱེད་སར་ཡོང་ཆོག་པ་རེད་ཅེས་བཤད་པ་རེད།

མཛེས་མའི་ལུང་པ་རོང་བྲག

  རོང་བྲག་རྫོང་གི་ཞིང་སྡེའི་གཞུང་ལམ་ཇེ་མང་དང་ཇེ་ཡག་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱིས་གྲོང་གསེབ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་སོང་བར་མ་ཟད།ཞིང་སྡེ་དང་ཁྲོམ་རའི་བར་གྱི་བར་ཐག་ཀྱང་ཇེ་ཉེར་བཏང་བ་རེད།དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་སྐབས་སུ་མང་ཚོགས་ཀྱིས་གནམ་ངོ་དྭངས་དུས་ཐལ་རྡུལ་ལུས་གང་།ཆར་ཆུ་འབེལ་དུས་འདམ་པ་ལུས་གང་ཞེས་འགྲོ་ལམ་གནས་ཚུལ་ལ་སྡོམ་ཚིག་ཅིག་བཀོད་པ་རེད། 

  ས་ཞིང་འགན་གཙང་ལེན་མ་བྱས་གོང་ལ་གྲོང་སྡེའི་སྔོ་ཚལ་ཕྱིར་འཚོང་དགོས་ཚེ་མི་རྟ་གཉིས་ལ་བརྟེན་དགོས་ཤིང་དཀའ་སྡུག་ཚད་མེད་མྱོང་དགོས།ཞོགས་སྔ་མོ་ནས་རྫོང་ལ་སོང་བ་ཡིན་ན་མུན་རུབ་ཁར་གཞི་ནས་ཁྱིམ་ལ་ལོག་ཐུབ་ཅེས་ཚེ་རིང་མགོན་པོས་དེ་ལྟར་དྲན་གསོ་བྱས་ནས་བཤད། 

  ད་ང་ཚོའི་གྲོང་སྡེར་བལྟས་ན་ཡིན་བསམ་བསམ་གྱི་གྲོང་སྡེའི་གཞུང་ལམ་ཞིག་ཡོད་པ་རེད།གྲོང་མི་ཚོ་ཆར་ཆུ་འབེལ་དུས་ཕྱིར་འགྲོ་དགོས་ན་ཡང་སེམས་ཁྲལ་སྤུ་ཙམ་མེད་པ་རེད། ཅེས་ཚེ་རིང་མགོན་པོས་རྐང་འོག་གི་གཞུང་ལམ་ལ་མཛུབ་མོ་བཙུགས་ཏེ་བཤད་ཅིང་། འབོ་ལུང་གྲོང་སྡེ་རི་འདབས་སུ་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དང་གྲོང་མིའི་ཡོང་འབབ་འཕར་བའི་འགོག་རྐྱེན་ཆེས་ཆེ་ཤོས་སུ་གྱུར། 2014ལོར་རོང་བྲག་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མ་དངུལ་སྒོར་ཁྲི190ལྷག་བཏང་ནས་འབོ་ལུང་གྲོང་སྡེའི་གཞུང་ལམ་རྒྱ་སྐྱེད་བཏང་ཞིང་རྡོ་ཧྲུག་གཞུང་ལམ་དེ་ཨར་འདམ་གཞུང་ལམ་ལ་བསྒྱུར་བ་རེད།དེ་ནས་དབུལ་སྐྱོར་གནད་སྨིན་གྱི་གོ་སྐབས་དང་བསྟུན་ནས་ཆེད་རམས་པས་རིགས་པས་བསྒྲུབས་རྗེས་མཛེས་མ་ཀུ་ཤུ་ཞེས་པ་དེ་ཞིང་པའི་དབུལ་ཐར་ཐོན་ལས་གཙོ་བོར་གཏན་འཁེལ་བྱས་པ་རེད། 

 གཞུང་ལམ་གསར་འཛུགས་དང་རྒྱས་འཛུགས་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་འགྱུར་རེ་འདུན་སྨིན་དུ་བཅུག ལོ་འདི་ཚོའི་ནང་དུ་རོང་བྲག་རྫོང་གིས་ལམ་མགོ་ཆད་མཇུག་དུམ་མཐུད་པ་དང་སྐོར་ལམ་གྱི་བར་སྣེ་སྦྲེལ་བ།གཞི་གཅིག་ཅན་དུ་སྐུལ་འདེད་བཏང་ནས་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནས་སུ་བཞག་ཅིང་། མིའི་འཁོར་རྒྱུག་ཆེ་ས་དང་ཐོན་ལས་འཕེལ་རྒྱས་གཏོང་ཡུལ་ལ་བསྟུན་ནས་ལམ་ལས་ཤིང་།འགྲིམ་འགྲུལ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས་ཞིང་སྡེར་ཡོངས་རྫོགས་ལ་གཞུང་ལམ་ཁེབས་པར་བྱས་པ་རེད། 

  རྒྱལ་སྲུང་གཞུང་ལམ248དང་350དང་།ཞིང་ཆེན་རིམ་པའི་གཞུང་ལམ211པ། དེ་བཞིན་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་སྡེ་བགྲོད་པའི་སྣུམ་ལམ་དང་ཨར་འདམ་གཞུང་ལམ་བཅས་ཀྱིས་རོང་བྲག་རྫོང་གི་ཕྱོགས་བཞིར་ཁྱབ་པའི་འགྲིམ་འགྲུལ་དྲ་བ་གྲུབ་པ་རེད།གཞུང་ལམ་གྱི་དྲ་རྒྱ་འདི་དག་ནི་གསོན་ཤུགས་རབ་ཏུ་འབར་བའི་ཚེ་སྲོག་གི་འགྲོ་ལམ་ཞིག་དང་འདྲ་བར་རོང་བྲག་རྫོང་གི་འགྲིམ་འགྲུལ་འགག་མདོར་ཡོངས་སུ་ཁྱབ་ཅིང་དཔལ་འབྱོར་གྱི་གསོན་ཤུགས་རབ་ཏུ་རྒྱས་སུ་བཅུག་པ་རེད།རོང་བྲག་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཡེ་ཤེས་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར།ལོ་འདི་ཚོའི་རིང་ལ།ང་ཚོས་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་དགུས་ཞིང་སྡེའི་གཞུང་ལམ་གྱི་དབུལ་སྐྱོར་ལས་གྲྭ་སྤེལ་ཡོད། ད་ལྟའི་བར་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ54ཡི་གཞུང་ལམ་སྤྱི་ལེ380བཟོས་ཤིང་མ་དངུལ་སྒོར་ཁྲི17700བཏང་ཡོད།ཡུལ་ཚོའི་གཞུང་ལམ3བཟོ་བཅོས་རིམ་སྤར་བྱས་ཏེ་སྒོར་ཁྲི11700བཏང་ཡོད།ཡུལ་ཚོ་ཐམས་ཅད་ལ་སྣུམ་ལམ་ཡོད་པ་དང་གྲོང་སྡེ་ཡོངས་རྫོགས་ལ་ཨར་འདམ་གཞུང་ལམ་ལས་ཡོད་པ་རེད།དེ་དང་དུས་མཉམ་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་འོག་ང་ཚོས་དམིགས་འབེན་མཐོར་སྙེག་དང་རང་ལ་གནོན་ཤུགས་བསྣན་ནས་མ་བསྐུལ་དང་ལེན་གྱིས་དངུལ་བུན་བསྲེས་པ་དང་།སྲིད་གཞུང་གིས་གཙོ་ཁྲིད་བྱས་ཤིང་གྲོང་མིས་རང་མོས་བྱེད་པ།སླ་བ་ནས་དཀའ་བ་དང་རིམ་པ་བགོས་ནས་ལག་བསྟར་བྱེད་པ་བཅས་ཀྱི་རྩ་དོན་ལྟར།ལས་གཞིའི་སྐོར་གྱི་ཡོངས་བསྒྲགས་བྱ་དགོས་པ་བདུན་གྱི་ལམ་ལུགས་ལ་གཞིགས་པ་དང་།དོན་གཅིག་གྲོས་གཅིག་དང་གི་ལག་རྒྱག་པའི་བྱེད་ཐབས་ལ་བརྟེན་ནས་འགན་འཁྲི་རིམ་དཀྲི་བྱས་ཏེ།ཡུལ་ཚོར་སྣུམ་སྙིགས་གཞུང་ལམ་དང་གྲོང་སྡེར་ཨར་འདམ་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་ཡོད།སླད་ཕྱིན།ང་ཚོས་ཐོན་ལས་ལམ་དང་ཐོན་ཁུངས་ལམ།ཡུལ་སྐོར་ལམ་བཅས་ཀྱི་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏང་ཞིང་།མ་དངུལ་དང་སྤུས་ཚད་དོ་དམ་ནན་པོ་བྱས་ནས་དུས་བཅད་ནང་དུ་ཨར་ལས་ལས་འགན་སྤུས་འབོར་གཉིས་གྲུབ་བྱ་རྒྱུ་ཡིན།།


  • ལེ་ཚན་སྔོན་མ།:བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་འཚམས་འདྲིར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10