ལི་ཐང་བཞག་པ་ཡུལ་གྱི་བྲོ་ཚིག་ཕྱོགས་བསྡུས།

ཕྲེང་བ་སེར་པོས་འཚོལ་བསྡུ་བྱས།        2019-01-28

༡  མི་འཛོམ་ལྷ་འཛོམ། 

 

ཉི་མ་ཤར་ས་ཨ་སྔོན་ལ་ཁ་རེད།།

ཉི་ཟེར་ཕོག་ས་བླ་མའི་གཟིམ་ཆུང་རེད།།

བླ་མའི་གཟིམ་ཆུང་མི་འཛོམ་ལྷ་འཛོམ་རེད།།

མི་འཛོམ་ལྷ་འཛོམ་དགའ་འཛོམ་སྐྱིད་འཛོམ་རེད།།

 

དུང་ཟླ་ཚེས་ས་བྲག་དཀར་ལ་ཁ་རེད།།

ཟླ་འོད་ཕོག་ས་དཔོན་པོའི་གཟིམ་ཆུང་རེད།།

དཔོན་པོའི་གཟིམ་ཆུང་མི་འཛོམ་ལྷ་འཛོམ་རེད།།

མི་འཛོམ་ལྷ་འཛོམ་དགའ་འཛོམ་སྐྱིད་འཛོམ་རེད།།

 

༢ གངས་དཀར་པོའི་དབུ་རྩེ།

 

གངས་དཀར་པོའི་དབུ་རྩེ་གོང་མ་ན།།

འཇའ་ཁ་དོག་སྣ་ལྔའི་གུར་ཁྱིམ་ན།།

གསེར་ཉི་མ་ལྷང་ལྷང་ཤར་འདྲ་བོ།།

རྗེ་བླ་མའི་ཞལ་རས་སེར་པོ་རེད།།

 

གངས་དཀར་པོའི་དབུ་རྩེ་བར་མ་ན།།

སྤྲིན་དཀར་པོ་འཁྱིལ་བའི་གདན་སྟེང་ན།།

ལྷོ་གཡུ་འབྲུག་སིང་སིང་གྲགས་འདྲ་བོ།།

རྗེ་བླ་མའི་བཀའ་གསུང་སྙན་མོ་རེད།།

 

གངས་དཀར་པོའི་དབུ་རྩེ་ཞོལ་མ་ན།།

དགུང་ཨ་སྔོན་འདྲ་བའི་སྤང་ཁུགས་ན།།

ཁྲ་ལམ་མེར་སྐར་ཚོགས་བཞད་འདྲ་བོ།།

རྗེ་བླ་མར་མཇལ་བའི་བུ་སློབ་རེད།།

 

༣ བླ་དཔོན་བཟང་པོ།

 

བླ་མ་བཟང་པོ་འདི་ཕྱོགས་མ་བྱོན་གོང་།།

མེ་ཏོག་སེར་ཆེན་འདི་ཕྱོགས་ལུང་པར་འཁྲུངས།།

བླ་མ་བཟང་པོ་འདི་ཕྱོགས་བྱོན་དུས་སུ།།

མེ་ཏོག་སེར་ཆེན་ཚོས་ཁ་ཇེ་ཡག་བྱུང་།།

 

དཔོན་པོ་བཟང་པོ་འདི་ཕྱོགས་མ་བྱོན་གོང་།།

མེ་ཏོག་དཀར་པོ་འདི་ཕྱོགས་ལུང་པར་འཁྲུངས།།

དཔོན་པོ་བཟང་པོ་འདི་ཕྱོགས་བྱོན་དུས་སུ།།

མེ་ཏོག་པད་དཀར་ཚོས་ཁ་ཇེ་ཡག་བྱུང་།།

 

  ༥ རྒྱ་གར་ལུང་པ། 

 

ལུང་པ་རྒྱ་གར་ལུང་པ་དེར།།

བླ་མ་མ་བཞུགས་བླ་མ་བཞུགས།།

བླ་མ་དུས་གསུམ་སངས་རྒྱས་བཞུགས།།

དུས་གསུམ་སངས་རྒྱས་བྲོ་ལ་གཟིགས།།

བྲོ་ལ་གཟིགས་ཤིང་བྲོ་རེ་འཆམ།།

 

ལུང་པ་རྒྱ་གར་ལུང་པ་དེར།།

དཔོན་པོ་མ་བཞུགས་དཔོན་པོ་བཞུགས།།

དཔོན་པོ་འཁོར་གསུམ་དབང་འདུས་བཞུགས།།

འཁོར་གསུམ་དབང་འདུས་བྲོ་ལ་གཟིགས།།

བྲོ་ལ་གཟིགས་ཤིང་བྲོ་རེ་འཆམ།།

 

ལུང་པ་རྒྱ་གར་ལུང་པ་དེར།།

ཕ་ཁུ་མ་བཞུགས་ཕ་ཁུ་བཞུགས།།

ཕ་ཁུ་རི་རྒྱལ་ལྷུན་པོ་བཞུགས།།

རི་རྒྱལ་ལྷུན་པོ་བྲོ་ལ་གཟིགས།།

བྲོ་ལ་གཟིགས་ཤིང་བྲོ་རེ་འཆམ།།

 

ལུང་པ་རྒྱ་གར་ལུང་པ་དེར།།

མ་སྲུ་མ་བཞུགས་མ་སྲུ་བཞུགས།།

མ་སྲུ་མ་ཕམ་གཡུ་མཚོ་བཞུགས།།

མ་ཕམ་གཡུ་མཚོ་བྲོ་ལ་གཟིགས།།

བྲོ་ལ་གཟིགས་ཤིང་བྲོ་རེ་འཆམ།།

 

༦ མར་རྒྱན་ཁྲ་མོ། 

 

དགུང་ལ་ཨ་སྔོན་མ་བཞེངས་ལྷ་ཁང་རེད།།

རྩེ་ལ་ཉི་ཟླ་མ་བཤམས་མཆོད་པ་རེད།།

མ་བཤམས་མཆོད་པ་བཤམས་ཚུལ་ཡག་པ་འདིས།།

མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།།

 

བྲག་མོ་དཀར་ཡག་མ་བཞེངས་ལྷ་ཁང་རེད།།

བྱ་ཆེན་རྒོད་ཕྲུག་མ་བཤམས་མཆོད་པ་རེད།།

མ་བཤམ་མཆོད་པ་བཤམས་ཚུལ་ཡག་པ་འདིས།།

མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།།

གངས་ཆེན་བཅོ་བརྒྱད་མ་བཞེངས་ལྷ་ཁང་རེད།།

སྡེ་གྲོང་དཔོན་པོ་མ་བཤམས་མཆོད་པ་རེད།།

མ་བཤམས་མཆོད་པ་བཤམས་ཚུལ་ཡག་པ་འདིས།།

མར་རྒྱན་ཁྲ་མོ་བཏགས་དགའ་བཏགས་སྐྱིད་རེད།།

 

 

༧ འཛོམས་པའི་སྨོན་ལམ།

 

གོང་བླ་མ་རྣམ་པ་དེ་གསུམ་ཡག།

གོང་བླ་མ་དུས་གསུམ་སངས་རྒྱས་དེར།།

ཆོས་སྙིང་པོ་འཛོམས་པའི་སྨོན་ལམ་ཡོད།།

 

གོང་དཔོན་པོ་རྣམ་པ་དེ་གསུམ་ཡག།

གོང་དཔོན་པོ་འཁོར་གསུམ་དབང་འདུས་དེར།།

ཁྲིམས་བཀའ་ཁྲིམས་འཛོམས་པའི་སྨོན་ལམ་ཡོད།།

 

ཕ་ཁུ་བོ་རྣམ་པ་དེ་གསུམ་ཡག།

ཕ་ཁུ་བོ་རི་རྒྱལ་ལྷུན་པོ་དེར།།

གཏམ་སྨྲ་ལྕེ་འཛོམས་པའི་སྨོན་ལམ་ཡོད།།

 

མ་ཨ་སྲུ་རྣམ་པ་དེ་གསུམ་ཡག།

མ་ཨ་སྲུ་མ་ཕམ་གཡུ་མཚོ་དེར།།

ཟས་དཀར་གསུམ་འཛོམས་པའི་སྨོན་ལམ་ཡོད།།

 

ཆུང་ན་གཞོན་རྣམ་པ་དེ་གསུམ་ཡག།

ཆུང་ན་གཞོན་ལོ་ཡག་སྙེ་མ་དེར།།

དྲིན་ཕ་མ་འཛོམས་པའི་སྨོན་ལམ་ཡོད།།

 

༨  ཡུལ་གྲོང་བདེ་སྐྱིད་འཁོར་བྱུང་།

 

ཕར་རིའི་དགོན་ཆེན་ཕྲ་མོ།།

ཚུར་རིའི་དགོན་ཆུང་ཕྲ་མོ།།

དགོན་ཆེན་དགོན་ཆུང་བར་ལ།།

ཆོས་ཀྱི་དར་ལམ་བཅངས་ཡོད།།

བླ་མ་བཟང་པོའི་ཆོས་ཀྱིས།།

འཛམ་གླིང་མུན་པ་སེལ་བྱུང་།།

 

ཕར་རིའི་རྫོང་ཆེན་ཕྲ་མོ།།

ཚུར་རིའི་རྫོང་ཆུང་ཕྲ་མོ།།

རྫོང་ཆེན་རྫོང་ཆུང་བར་ལ།།

ཁྲིམས་ཀྱི་དར་ལམ་བཅངས་ཡོད།།

དཔོན་པོ་བཟང་པོའི་ཁྲིམས་ཀྱིས།།

ཡུལ་གྲོང་བདེ་སྐྱིད་འཁོར་བྱུང་།།

 

༩   སྨོན་ལམ་ཐོབ་པའི་ས། 

 

རྭ་དཀར་ཡོལ་རྡོ་གཅལ་གོང་མ་རུ།།

གོང་བླ་མ་ཆོས་གོས་སྣམ་སྦྱར་ཅན།།

ཞལ་དུང་སོའི་འོག་ནས་བཀའ་ཆོས་འཆད།།

ཕྱག་མཛུབ་མོའི་འོག་ནས་ཌར་དྲིལ་དཀྲོལ།།

ས་འདི་ཕྱོགས་སྨོན་ལམ་ཐོབ་པའི་ས།།

རྭ་དཀར་ཡོལ་རྡོ་གཅལ་བར་མ་རུ།།

སྡེ་དཔོན་པོ་གོས་ཆེན་ལྭ་བ་ཅན།།

ཞལ་དུང་སོའི་འོག་ནས་ཁྲིམས་རྭ་བཏོད།།

ཕྱག་མཛུབ་མོའི་འོག་ནས་མདའ་གཞུ་ཁྱེར།།

ས་འདི་ཕྱོགས་སྨོན་ལམ་ཐོབ་པའི་ས།།

 

 ༡༠ ཆོས་སྲིད་བསྟན་པ་དེ་ནས་དར།

 

གནས་དེ་རིང་གནམ་ལ་སྐར་མ་ཡག།

རྗེ་རྒྱལ་བ་ཡབ་ཡུམ་སྐུ་ཁམས་བཟང་།།

མགོའི་པཎ་ཞྭ་ཅན་གྱིས་ནམ་མཁའ་བཀང་།།

རྒྱབ་ཆོས་གོས་ཅན་གྱིས་བར་སྣང་བཀང་།།

རྐང་སག་ལྷམ་ཅན་གྱིས་ས་གཞི་བཀང་།།

ཆོས་སངས་རྒྱས་བསྟན་པ་དེ་ནས་དར། །

 

གནས་དེ་རིང་གནམ་ལ་སྐར་མ་ཡག།

རྗེ་རྒྱལ་བ་ཡབ་ཡུམ་སྐུ་ཁམས་བཟང་།།

མགོའི་ཚར་ཞྭ་ཅན་གྱིས་ནམ་མཁའ་བཀང་།།

རྒྱབ་ཕྲ་རྒན་ཅན་གྱིས་བར་སྣང་བཀང་།།

རྐང་འགྱུར་རྟ་ཅན་གྱིས་ས་གཞི་བཀང་།།

ཁྲིམས་བཟང་པོའི་བསྟན་པ་དེ་ནས་དར།།

 

 ༡༡  མཛེས་ཐོག་མཛེས་བཞག

 

བྲོ་དང་པོ་སུ་དང་གང་ལ་འཆམ།།

བྲོ་དང་པོ་དགོན་པའི་བླ་མར་འཆམ།།

མགོའི་པཎ་ཞྭ་རྩེ་ནས་མར་མར་འཆམ།།

རྒྱབ་ཆོས་གོས་རྩེ་ནས་ཚུར་ཚུར་འཆམ།།

ཕྱག་ཕྲེང་ཆུང་མཛེས་ཐོག་མཛེས་བཞག་རེད།

 

བྲོ་གཉིས་པ་སུ་དང་གང་ལ་འཆམ།།

བྲོ་གཉིས་པ་སྡེ་པའི་དཔོན་པོར་འཆམ།།

མགོའི་ཝ་ཞྭ་རྩེ་ནས་མར་མར་འཆམ།།

རྒྱབ་ཕྲ་ཆུང་རྩེ་ནས་ཚུར་ཚུར་འཆམ།།

སྐེད་གྲི་ཕྲ་མཛེས་ཐོག་མཛེས་བཞག་རེད།།

 

༡༢  བྲོ་དང་པོ་སུ་དང་གང་གིས་འཆམ།

 

བྲོ་དང་པོ་སུ་དང་གང་གིས་འཆམ།།

བྲོ་དང་པོ་གོང་དང་བླ་མས་འཆམ།།

མགོའི་པན་ཞྭ་དགུང་དང་མཉམ་འདྲ་འཆམ།།

རྒྱབ་ཆོས་གོས་བར་སྣང་བཤམ་འདྲ་འཆམ།།

རྐང་སག་ལྷམ་ས་གཞི་གཡོ་འདྲ་འཆམ།།

 

བྲོ་དང་པོ་སུ་དང་གང་གིས་འཆམ།།

བྲོ་དང་པོ་སྡེ་དང་དཔོན་པོས་འཆམ།།

མགོའི་ཞྭ་མོ་དགུང་དང་མཉམ་འདྲ་འཆམ།།

རྒྱབ་ཕྲ་ཆུང་བར་སྣང་བཤམ་འདྲ་འཆམ།།

རྐང་ཐག་བརྒྱ་ས་གཞི་གཡོ་འདྲ་འཆམ།།

 

༡༤ ཡར་ལྟོས་དང་ལྟད་མོ་ཅི་འདྲ་ཡོད།

     

ཡར་ལྟོས་དང་ལྟད་མོ་ཅི་འདྲ་ཡོད། །

ཡར་ལྟོས་དང་ལྟད་མོ་འདི་འདྲ་ཡོད། །

མགོ་གསེར་ཞྭ་ཅན་གྱིས་བར་སྣང་གང་།།

དགའ་ཨེ་ཤེས་རང་ཚོའི་བླ་མ་རེད།།

སྐྱིད་ཨེ་ཤེས་རང་ཚོའི་ཆོས་ར་རེད།།

 

ཡར་ལྟོས་དང་ལྟད་མོ་ཅི་འདྲ་ཡོད། །

ཡར་ལྟོས་དང་ལྟད་མོ་འདི་འདྲ་ཡོད། །

མགོ་ཁྲིམས་ཞྭ་ཅན་གྱིས་བར་སྣང་གང་།།

དགའ་ཨེ་ཤེས་རང་ཚོའི་དཔོན་པོ་རེད།།

སྐྱིད་ཨེ་ཤེས་རང་ཚོའི་ཁྲིམས་ར་རེད།།

 

ཡར་ལྟོས་དང་ལྟད་མོ་ཅི་འདྲ་ཡོད། །

ཡར་ལྟོས་དང་ལྟད་མོ་འདི་འདྲ་ཡོད། །

མགོ་ཞྭ་མོ་ཅན་གྱིས་བར་སྣང་གང་། །

དགའ་ཨེ་ཤེས་རང་ཚོའི་ཕ་ཁུ་རེད།།

སྐྱིད་ཨེ་ཤེས་རང་ཚོའི་གཏམ་ར་རེད།།

 

༡༥ ཆོས་སྲིད་བསྟན་པ་དར་བར་ཤོག

 

སྟོད་རྒྱ་གར་ཡུལ་ནས་འཇའ་ཞིག་ཤར།།

འཇའ་ཤར་དུས་བླ་མ་བཟང་པོ་འཁྲུངས།།

ཆོས་སངས་རྒྱས་བསྟན་པ་དར་བར་ཤོག།

 

སྨད་རྒྱ་ནག་ཡུལ་ནས་འཇའ་ཞིག་ཤར།།

འཇའ་ཤར་དུས་དཔོན་པོ་བཟང་པོ་བྱོན།།

སྲིད་ཁྲིམས་ལུགས་བཟང་པོ་དར་བར་ཤོག།

 

༡༦  སྐྱིད་པའི་ལུང་པ།

 

སྐྱིད་ལུང་པའི་ཕུགས་དང་ལུང་པའི་སྐེད།།

སྐྱིད་ལུང་པའི་ཕུགས་ལ་དགོན་ཆེན་ཡོད།

ཕྱི་ཡག་མོ་དགོན་ཆེན་ཁྲ་མོ་རེད།།

ནང་ཡག་མོ་བླ་མ་རྣམ་པ་རེད།།

དགོན་ཁྲ་མོ་ཕྱི་ཡག་ནང་མཛེས་རེད། །

 

སྐྱིད་ལུང་པའི་ཕུགས་དང་ལུང་པའི་སྐེད།།

སྐྱིད་ལུང་པའི་ཕུགས་ལ་རྫོང་ཆེན་ཡོད།

ཕྱི་ཡག་མོ་རྫོང་ཆེན་ཁྲ་མོ་རེད།།

ནང་ཡག་མོ་དཔོན་པོ་རྣམ་པ་རེད།།

རྫོང་ཁྲ་མོ་ཕྱི་ཡག་ནང་མཛེས་རེད།།

 

༡༧ སྤོས་མར་མེ་དྲི་བཟང་ཆིལ་ལི་ལི།

 

དགུང་ཨ་སྔོན་རྒྱ་མཐོངས་ཁ་ཕྱེ་རེད།།

རྩེ་ཉི་ཟླ་གདུགས་དང་རྒྱལ་མཚན་རེད།།

གདུགས་རྒྱལ་མཚན་འདབ་མ་ཉིལ་ལི་ལི།།

སྤོས་མར་མེ་དྲི་བཟང་ཆིལ་ལི་ལི།།

 

བྲག་དཀར་ཡག་རྒྱ་མཐོངས་ཁ་ཕྱེ་རེད།།

བྱ་རྒོད་ཕྲུག་གདུགས་དང་རྒྱལ་མཚན་རེད།།

གདུགས་རྒྱལ་མཚན་འདབ་མ་ཉིལ་ལི་ལི།།

སྤོས་མར་མེ་དྲི་བཟང་ཆིལ་ལི་ལི།།

 

གངས་བཅོ་བརྒྱད་རྒྱ་མཐོངས་ཁ་ཕྱེ་རེད།།

སྡེ་དཔོན་པོ་གདུགས་དང་རྒྱལ་མཚན་རེད།།

གདུགས་རྒྱལ་མཚན་འདབ་མ་ཉིལ་ལི་ལི།།

སྤོས་མར་མེ་དྲི་བཟང་ཆིལ་ལི་ལི།།

 

 ༡༨ འཛོམས་བྲོ་ཡག་མོ་འཁྲབ་བྱུང་།

 

ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།།

ས་ཆ་སྐྱིད་པོ་གསེར་ཡག་ཐང་འདི་རེད།།

གསེར་ཡག་ཐང་འདིར་གསེར་བྱ་མིང་སྲིང་འཛོམས།།

གསེར་བྱ་མིང་སྲིང་ན་ནིང་ཨེ་འཛོམས་བསམས།།

ན་ནིང་མ་འཛོམས་འཛོམས་སའི་ས་ཐག་རིང་།།

ད་ལོ་འཛོམས་པས་འཛོམས་བྲོ་ཡག་མོ་འཁྲབ།།

 

ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།།

ས་ཆ་སྐྱིད་པོ་དངུལ་ཡག་ཐང་འདི་རེད།།

དངུལ་ཡག་ཐང་འདིར་དངུལ་བྱ་མིང་སྲིང་འཛོམས།།

དངུལ་བྱ་མིང་སྲིང་ན་ནིང་ཨེ་འཛོམས་བསམས།།

ན་ནིང་མ་འཛོམས་འཛོམས་སའི་ས་ཐག་རིང་།།

ད་ལོ་འཛོམས་པས་འཛོམས་བྲོ་ཡག་མོ་འཁྲབ།།

 

ས་ཆ་སྐྱིད་པོ་གང་ཡིན་མ་ཤེས་ན།།

ས་ཆ་སྐྱིད་པོ་གཡུ་ཡག་ཐང་འདི་རེད།།

གཡུ་ཡག་ཐང་འདིར་གཡུ་བྱ་མིང་སྲིང་འཛོམས།།

གཡུ་བྱ་མིང་སྲིང་ན་ནིང་ཨེ་འཛོམས་བསམས།།

ན་ནིང་མ་འཛོམས་འཛོམས་སའི་ས་ཐག་རིང་།།

ད་ལོ་འཛོམས་པའི་འཛོམས་བྲོ་ཡག་མོ་འཁྲབ།།

 

༡༩ སྐུ་མཇལ་བའི་མཐའ་རུ་ཟད་རྒྱུ་མེད། 

 

དགུང་ཨ་སྔོན་རྒྱ་ཆེན་སྡེ་བཞི་རེད།།

རྩེ་ཉི་ཟླ་སངས་རྒྱས་སྟོང་སྐུ་རེད།།

སྐུ་རེ་རེ་བར་ལ་རེ་རེ་གནས།།

སྐུ་མཇལ་བའི་མཐའ་རུ་ཟད་རྒྱུ་མེད།།

 

བྲག་དཀར་ཡག་རྒྱ་ཆེན་སྡེ་བཞི་རེད།།

བྱ་རྒོད་ཕྲུག་སངས་རྒྱས་སྟོང་སྐུ་རེད།།

སྐུ་རེ་རེ་བར་ལ་རེ་རེ་གནས།།

སྐུ་མཇལ་བའི་མཐའ་རུ་ཟད་རྒྱུ་མེད།།

གངས་བཅོ་བརྒྱད་རྒྱ་ཆེན་སྡེ་བཞི་རེད།།

སྡེ་དཔོན་པོ་སངས་རྒྱས་སྟོང་སྐུ་རེད།།

སྐུ་རེ་རེ་བར་ལ་རེ་རེ་གནས།།

སྐུ་མཇལ་བའི་མཐའ་རུ་ཟད་རྒྱུ་མེད།།

 

 

༢༠ རི་བདེ་གཅིག་བདེ་གཉིས་བདེ་མོ་གསུམ།

 

རི་བདེ་གཅིག་བདེ་གཉིས་བདེ་མོ་གསུམ།།

རི་བདེ་གཅིག་མགོ་ལ་དགོན་དཀར་ཆགས།།

ཕྱི་ཡག་ལེ་དགོན་དཀར་ཁྲ་མོ་རེད།།

ནང་ཡག་ལེ་བླ་མ་བཟང་པོ་རེད།།

 

རི་བདེ་གཅིག་བདེ་གཉིས་བདེ་མོ་གསུམ།།

རི་བདེ་གཉིས་མགོ་ལ་རྫོང་དཀར་ཆགས།།

ཕྱི་ཡག་ལེ་རྫོང་དཀར་ཁྲ་མོ་རེད།།

ནང་ཡག་ལེ་དཔོན་པོ་བཟང་པོ་རེད།།

 

རི་བདེ་གཅིག་བདེ་གཉིས་བདེ་མོ་གསུམ།།

རི་བདེ་གསུམ་མགོ་ལ་མཁར་དཀར་ཆགས།།

ཕྱི་ཡག་ལེ་མཁར་དཀར་ཁྲ་མོ་རེད།།

ནང་ཡག་ལེ་ཨ་ཁུ་བཟང་པོ་རེད།།

 

༢༡ དགུང་ཨ་སྔོན་བསོད་ནམས་ཆེ་ནས་འཛོམས།

 

དགུང་ཨ་སྔོན་གདོང་དེ་བསོད་ནམས་གདོང་།།

རྩེ་ཉི་ཟླ་ཐང་དེ་མཎྜལ་ཐང་།།

སྐྱིད་མཎྜལ་ཐང་དུ་ཕྱིར་ལྟས་བཟོ།།

མགོའི་རྩེ་ཞྭ་ཅན་གྱིས་ནམ་མཁའ་གང་།།

རྒྱབ་ཆོས་གོས་ཅན་གྱིས་བར་སྣང་གང་།།

རྐང་སག་ལྷམ་ཅན་གྱིས་ས་གཞི་གང་།།

ས་ག་ཡིན་གང་དུ་མ་འཛོམས་ཞིང་།།

དགུང་ཨ་སྔོན་བསོད་ནམས་ཆེ་ནས་འཛོམས།།

 

བྲག་དཀར་ཡག་གདོང་དེ་བསོད་ནམས་གདོང་།།

བྱ་རྒོད་ཕྲུག་ཐང་དེ་མཎྜལ་ཐང་།།

སྐྱིད་མཎྜལ་ཐང་དུ་ཕྱིར་ལྟས་བཟོ།།

མགོའི་ཝ་ཞྭ་ཅན་གྱིས་ནམ་མཁའ་གང་།།

རྒྱབ་ཕྲ་ཆུང་ཅན་གྱིས་བར་སྣང་གང་།།

རྐང་ཐིག་བརྒྱ་ཅན་གྱིས་ས་གཞི་གང་།།

ས་ག་ཡིན་གང་དུ་མ་འཛོམས་ཞིང་།།

བྲག་དཀར་ཡག་བསོད་ནམས་ཆེ་ནས་འཛོམས།།

 

༢༢ ཤིང་སྟག་ཆུང་གླང་ཆུང་ཤུག་ཆུང་གསུམ།

 

ཤིང་སྟག་ཆུང་གླང་ཆུང་ཤུག་ཆུང་གསུམ།།

ཤིང་སྟག་ཆུང་སྐྱེ་ས་སྤང་ལ་རེད།།

གཡང་སྤང་ལ་སྐྱེས་ཤིང་སྤང་ལ་འཁོར།།

སྤང་ཤྭ་བོ་འཁོར་སའི་ཕ་ཡུལ་རེད།།

ཤྭ་རྭ་རིང་སྐུ་ཁམས་བདེ་བར་ཤོག །

 

ཤིང་སྟག་ཆུང་གླང་ཆུང་ཤུག་ཆུང་གསུམ།།

ཤིང་གླང་ཆུང་སྐྱེ་ས་ཆུ་ལུང་རེད།།

གཡང་ཆུ་ལ་སྐྱེས་ཤིང་ཆུ་ལ་འཁོར།།

ཉ་གསེར་མིག་འཁོར་སའི་ཕ་ཡུལ་རེད།།

ཉ་གསེར་མིག་སྐུ་ཁམས་བདེ་བར་ཤོག །

 

ཤིང་སྟག་ཆུང་གླང་ཆུང་ཤུག་ཆུང་གསུམ།།

ཤིང་ཤུག་ཆུང་སྐྱེ་ས་བྲག་ལ་རེད།།

གཡང་བྲག་ལ་སྐྱེས་ཤིང་བྲག་ལ་འཁོར།།

རྒོད་ཐང་དཀར་འཁོར་སའི་ཕ་ཡུལ་རེད།།

རྒོད་ཐང་དཀར་སྐུ་ཁམས་བདེ་བར་ཤོག །

 

༢༣ ཆོས་ཀྱི་བསྟན་པ་དར་བྱུང་།

ལྷ་སའི་པོ་ཏ་ལ་རུ། །

གསེར་གྱི་རྒྱ་གླིང་བུད་བྱུང་།།

གསེར་གྱི་རྒྱ་གླིང་ནང་ནས།།

བླ་མས་གསུང་སྐད་གྲགས་བྱུང།།

བླ་མའི་གསུང་སྐད་ནང་ནས།།

བཙུན་ཆུང་ཡར་ཤོག་གསུང་བྱུང་།།

བཙུན་ཆུང་ཡར་ལ་ཕེབས་ནས། །

ཆོས་ཀྱི་བསྟན་པ་དར་བྱུང་།།

 

ལྷ་སའི་པོ་ཏ་ལ་རུ། །

དངུལ་གྱི་རྒྱ་གླིང་བུད་བྱུང་།།

དངུལ་གྱི་རྒྱ་གླང་ནང་ནས།།

དཔོན་པོས་གསུང་སྐད་གྲགས་བྱུང།།

དཔོན་པོའི་གསུང་སྐད་ནང་ནས།།

སྟག་ཤར་ཡར་ཤོག་གསུང་བྱུང་།།

སྟག་ཤར་ཡར་ལ་ཕེབས་ནས།།

ཁྲིམས་ཀྱི་བསྟན་པ་དར་བྱུང་།།

 

༢༤   འདི་འདྲ་ས་ཆ་སྐྱིད་པོ།

 

འདི་འདྲ་ས་ཆ་སྐྱིད་པོ།།

གར་སོང་ས་ལ་མི་འདུག།

ས་ཆ་སྐྱིད་ཀྱང་ལོས་སྐྱིད།།

བླ་མ་དུས་གསུམ་སངས་རྒྱས།།

བྱོན་ན་ལུང་པའི་རྒྱན་ཆ།།

བཞུགས་ན་ལུང་པའི་བསོད་ནམས།།

 

འདི་འདྲ་ས་ཆ་སྐྱིད་པོ།།

གར་སོང་ས་ལ་མི་འདུག།

ས་ཆ་སྐྱིད་ཀྱང་ལོས་སྐྱིད།།

དཔོན་པོ་བསམ་དཀར་བཟང་པོ།།

བྱོན་ན་ལུང་པའི་རྒྱན་ཆ།།

བཞུགས་ན་ལུང་པའི་བསོད་ནམས།།

 

༢༥  ཨ་མ་གླིང་གི་མགོ་ལ། 

 

ཨ་མ་གླིང་གི་མགོ་ལ།།

གླིང་ཨ་མགོ་ཁ་བ་དཀར་འདྲ་རེད།།

ཁ་བ་མ་རེད་ཕྱེ་མ་རེད།།

གོང་བླ་མ་ཕེབས་པའི་ཕྱེ་མ་རེད།།

 

ཨ་མ་གླིང་གི་ལ་སྐེད་ལ།།

གླིང་ཨ་སྐེད་སྨུག་ཆུང་འཁྲིགས་འདྲ་རེད།།

སྨུག་ཆུང་མ་རེད་བསང་དུད་རེད།།

གོང་དཔོན་པོ་ཕེབས་པའི་བསང་དུད་རེད།།

 

ཨ་མ་གླིང་གི་ལ་འདབས་ན།།

གླིང་ཨ་འདབས་མཚོ་སྨུག་འཁྱིལ་འདྲ་རེད།།

མཚོ་སྨུག་མ་རེད་ཇ་ཆང་རེད།།

མ་ཨ་སྲུ་འཛོམས་པའི་ཇ་ཆང་རེད།།

 

༢༦  ལྷ་སའི་ཇོ་བོར་རྒྱན་འབུལ།

 

 

ཕར་རིའི་གསེར་གྱི་རི་དང་།།

ཚུར་རིའི་དངུལ་གྱི་རི་གཉིས།།

གསེར་དངུལ་གཉིས་ཀྱིས་གྲུབ་ཡོད།།

ལྷ་སའི་ཇོ་བོར་རྒྱན་འབུལ། །

 

ཕར་རིའི་དར་ཀྱི་རི་དང་།

ཚུར་རིའི་གོས་ཀྱི་རི་གཉིས།།

དར་གོས་གཉིས་ཀྱིས་གྲུབ་ཡོད།།

ལྷ་སའི་ཇོ་བོར་རྒྱན་འབུལ། །

 

   ༢༧   གཞན་ལུས་དར་དཀར་འདྲ་བ།

 

འདི་འདྲའི་བླ་མ་བཟང་པོ།།

བླ་མ་ཆོས་ལ་བཟང་པོ།།

འདི་འདྲའི་བཙུན་ཆུང་བཟང་པོ།།

བཙུན་ཆུང་འདོན་ལ་བཟང་པོ།།

བཟང་པོ་དེ་གཉིས་འཛོམས་པའི།།

རང་སེམས་རྒྱལ་བའི་དཀྱིལ་འཁོར།།

གཞན་ལུས་དར་དཀར་འདྲ་བ།།

 

འདི་འདྲའི་དཔོན་པོ་བཟང་པོ།།

དཔོན་པོ་ཁྲིམས་ལ་བཟང་པོ།།

འདི་འདྲའི་མིང་སྲིང་བཟང་པོ།།

མིང་སྲིང་རྩེད་ར་བཟང་པོ།།

བཟང་པོ་དེ་གཉིས་འཛོམས་པའི།།

རང་སེམས་རྒྱལ་བའི་དཀྱིལ་འཁོར།།

གཞན་ལུས་དར་དཀར་འདྲ་བ།།

  རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ཆུང་གཞོན་རྒས་གསུམ་གྱི་ལོ་རྒྱུས་དྲན་པའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།