ལེ་གནམ་ཆེན་བྲག་དཀར།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

ལེ་གནམ་ཆེན་བྲག་དཀར།

ལེ་གནམ་ཆེན་བྲག་དཀར་འདི་ཁམས་ལི་ཐང་ནོར་བུ་གླིང་གི་ལྷོའི་ཕྱོགས་སྤྱི་ལེ་བཅུ་བདུན་གྱི་མཚམས་སུ་མངོན་པར་འགྱིང་། གནས་འདི་སྤྱན་རས་གཟིགས་ཨརྱ་པ་ལོ་དང་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གནས། ལུག་གི་ལོར་གནས་འདུས་ཡིན། སློབ་དཔོན་པདྨ་འབྱུང་གནས་མཆོག་ནས“ལེ་ཞེས་བྱ་བའི་འགོ་བོ་ལ།། གནས་ཆེན་གནམ་ཆེན་བྲག་དཀར་དང་།།”ཞེས་ལུང་གིས་ཟིན། འདི་གུ་རུ་པདྨ་འབྱུང་གནས་དང་རྒྱལ་བ་མཆོག་དབྱངས། ལང་གྲོ་ལོ་ཙཱ་བ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སྐྱེས་བུ་གྲངས་ལས་འདས་པ་མང་པོ་སྤྲུལ་པའི་སྒོས་གནས་འདིར་ཞབས་ཀྱིས་བཅགས་ཤིང་།དངོས་སུ་ལོ་ཆེན་བཻ་རོ་ཙ་ན་དང་།གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།ཀརྨ་པ་དུས་གསུམ་མཁྱེན་པ། འགྲོ་མགོན་ཆོས་རྒྱལ་འཕགས་པ། མེ་ཉག་འཇམ་དབྱངས་གྲགས་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། རྒྱལ་བ་བསོད་ནམས་རྒྱ་མཚོ།རྒྱལ་བ་བསྐལ་བཟང་རྒྱ་མཚོ།ཀུན་མཁྱེན་འཇམ་དབྱངས་བཞད་པ། ཀུན་མཁྱེན་ཞྭ་དམར་བ།ཀུན་མཁྱེན་སི་ཏུ་རིན་པོ་ཆེ།རྡོ་རིང་པཎྚི་ཏ། ཉག་བླ་པད་མ་བདུད་འདུལ།ཁྲི་ཆེན་ངག་དབང་མཆོག་ལྡན། རིག་འཛིན་ཀློང་གསལ་སྙིང་པོ། སྒ་ངག་དབང་ལེགས་པ། ལི་ཐང་སྐྱབས་མགོན་རྡོ་རྗེ་འཆང་སོགས་ས་སྟེང་གི་བྱང་ཆུབ་སེམས་དཔའ་སྐར་མའི་ཚོགས་དེ་གནས་འདིར་བྱོན་ཏེ་བྱིན་གྱིས་བརླབས་པར་མཛད།ཁྱད་པར་དུ་རིག་འཛིན་ཀློང་གསལ་མཆོག་ནས་གནས་འདི་དངོས་སུ་གནས་སྒོ་འབྱེད་དེ་གཏེར་མང་པོ་བཞེས།              

ལེ་གནམ་ཆེན་བྲག་དཀར་འདི་རིག་འཛིན་ཀློང་གསལ་མཆོག་ནས་གནས་སྒོ་ཕྱེ་མཛད་ཅིང་། གུ་རུའི་སྐུ་དང་ཆོས་དུང་དང་། ཤྭ་བའི་རྭ་དང་ཞལ་འབག་སོགས་གཏེར་ནས་བཏོན། ཆོས་དུང་ཆ་གཅིག་ལི་ཐང་དགོན་ཆེན་དང་། ཆ་གཅིག་ཁོལ་རི་དགོན་དུ་བཞུགས་སོ།།

གནས་ཀྱི་མདུན་དུ་འཁྲུངས་པའི་ཤིང་སྡོང་ཆེན་པོ་བཞི་ནི་གནས་ཡིག་ཏུ་བཀོད་པར་ལྟར་ན་སྡོང་པོ་བཞི་འདི་གནས་ཀྱི་སྒོ་སྲུང་རྒྱལ་ཆེན་སྡེ་བཞི་ཞེས་གྲགས།རིག་གསར་སྐབས་སུ་མེ་སྐྱོན་བཞེས་ཏེ་ད་ལྟ་སྡོང་པོའི་རྩ་བ་གཅིག་ཙམ་ལས་མེད་དོ།།

ལེ་གནམ་ཆེན་བྲག་དཀར་གྱི་སྲིད་པའི་མཛོད་ཕུག་ནི་དུས་ནམ་ཞིག་གི་ཚེ་ན།གནས་ཀྱི་སྒོ་ཆེན་འདི་རྒྱ་ཆེར་ཕྱེ་སྟེ།ཐུགས་རྗེ་ཆེན་པོ་ལ་དད་པ་ཡོད་པའི་སྐྱེ་འགྲོ་ཀུན་ཐར་བའི་གླིང་དུ་འདྲེན་པའོ།།

མཛོད་ཕུག་གི་སྒོ་མིག་དང་པོ།དད་ལྡན་ཀུན་གྱིས་སྒོ་མིག་འདིར་རྣ་བ་གཏད་དེ་ཉན་གྱུར་ན།རྒྱ་མཚོ་ཆེན་མོ་གཡོ་བའི་རྦ་རླབས་ཀྱི་སྒྲ་དང་མ་འབྲུག་མོ་ནས་ཇ་བསྲུབས་པའི་སྒྲ་ཡང་གསལ་པོར་ཐོས།ཚེས་བཟང་གི་ཉིན་མོར་ཡི་གེ་དྲུག་མ་འདོན་པའི་སྒྲའང་ལྷང་ལྷང་རྣ་བའི་རྒྱན་དུ་ལྷུང་།

གཏེར་ཆེན་རིག་འཛིན་ཀློང་གསལ་མཆོག་གི་ཞབས་རྗེས་ཡོད་ལ།ཞབས་རྗེས་འདི་བྲག་རི་གྱང་འདྲ་བ་ཞིག་གི་ངོས་སུ་འཇོག་གནང་ཡོད།ཤིན་ཏུ་ཡ་མཚན་སྐྱེ་དགོས་པ་ཞིག་བཞུགས།

    ཚ་དམྱལ་གྲང་དམྱལ་ནི་གནས་འདིར་ཕེབས་ན་དམྱལ་བའི་སྐྱེ་སྒོ་ཆོད་པར་མ་ཟད།ནམ་ཡང་དམྱལ་ཡུལ་དུ་འགྲིམ་མི་དགོས་ཞེས་གནས་ཡིག་ལས་གསུངས།

གནས་ཀྱི་ཁབ་དོང་ནི་འཁོར་བ་ལ་སྙིང་པོ་མེད་པའམ་འཁོར་བ་དེ་ཁབ་ཀྱི་རྩེ་མོ་བཞིན་དུ་ཡིན་པར་མཚོན་པའི་གནས།གནས་བསྐོར་བ་རྣམས་ཀྱིས་དོང་འདིའི་ནང་ཁབ་དང་དྲིལ་ཆུང་སོགས་བླུགས་ཀྱི་ཡོད།  

ལེ་གནམ་ཆེན་བྲག་དཀར་སེང་གེའི་རྫོང་འདིར་བློན་པོ་ཆེན་པོ་མགར་སྟོང་བཙན་དང་རྒྱ་བཟའ་འུན་ཤིང་ཀོང་ཇོ་སོགས་བྱོན་པས་མ་ཚད།གནས་འདི་སྒྲུབ་ཕུག་དང་ཞབས་རྗེས་བཞག་པ་སོགས་ད་ལྟའང་གསལ་པོར་མཇལ་རྒྱུ་ཡོད།

ཨེ་མ་ཧོ། ལེ་གནམ་ཆེན་བྲག་དཀར་འདི་དག་པའི་སྣང་ངོར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕོ་བྲང་དང་གཉིས་སུ་མེད་ཅིང་།ལྷག་པའི་ལྷ་དུ་མ་སྤྲིན་ལྟར་གཡོ་ཞིང་།བྱིན་བརླབས་ཀྱི་མེ་ཏོག་ཆར་ལྟར་འབེབས་པ།མ་དག་པའི་སྣང་ངོར་གནས་འདི་ས་རྡོ་ཡིན་ཡང་ཤིན་ཏུ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཀྱིས་དཀྲིས་པས།ནགས་ཚལ་བཟང་པོར་བྱ་དང་བྱེའུ་ཚོགས་ཀྱིས་སྐད་སྙན་འབྱིན་པ།མེ་ཏོག་སྣ་ཚོགས་ཅི་དགར་ཤར་བས།དྲི་ཞིམ་བཟང་པོ་ཀུན་ཏུ་ཁྱབ་པ།ཕྱོགས་བཅུའི་ལྷ་བླ་མ་ལ་ཡང་ཡང་མཆོད་པའི་ཚུལ།  མངོན་པར་དགའ་བའི་གླིང་འདིར་གཏེར་ཆུ་དྭངས་མ་ལྷུང་ལྷུང་དུ་འབབ་ཞིང་།རི་དྭགས་སྣ་མིན་གང་སར་རྩེད་འཇོ་ལ་རོལ་བས། དབུགས་ལྡན་སུ་ཞིག་གནས་འདིར་ཉེ་གྱུར་ན་བླ་ན་མེད་པའི་བདེ་བ་དང་སྤྲོ་བ་ཆེན་མོ་ངང་གིས་འཕེལ་བ།ལུས་ལ་ནད་དང་ན་ཚ་ཡོད་མཁན་དག་ཀྱང་གནས་འདིར་མཐོང་དང་ཐོས་དང་རེག་གྱུར་ན་ནད་རྣམས་དག་པ་མ་ཚད།སེམས་དེ་ཞི་བདེ་རུ་མགྱོགས་མྱུར་ཆས་ཤིང་། རང་བཞིན་སེམས་ཀྱི་ཀློང་དུ་སྙིང་རྗེའང་རྙེད་པར་གྱུར། གང་ལྟར་གནས་འདིའི་ནུས་མཐུ་མི་དམན་པའི་སྟོབས་ཀྱིས་ནོར་འདོད་པ་རྣམས་ནོར། བུ་འདོད་པ་རྣམས་བུ་རྣམས་འཐོབ། བགེགས་རྣམས་མེད་པ། གདོན་རྣམས་འཇོམས་པ། འདོད་པ་ཐམས་ཅད་གཏད་པའི་ཕུན་ཚོགས་ཀུན་དགའི་ཚལ་དེའོ།། དགེའོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གནས་མཆོག་ཁ་བ་དཀར་པོའི་གནས་ཡིག
  • ལེ་ཚན་རྗེས་མ།:མངོན་རེག་སེང་གེ་གཡུ་རྫོང་གི་གནས་ཡིག།