རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ།

དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།        2019-01-28

རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ།


༼  ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པ།༽ མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་ཚན་སྤོ་འབོར་སྒང་གི་ཁོངས་གཏོགས་ལི་ཐང་ཤོག་དྲུག་སྒྲོ་མདོངས་སུ་འབོད་པའི་སའི་ཆར་གྲོང་སྟོད་ནོར་བུ་ཚང་བྱའི་ཁྱིམ་དུ་ཡབ་བློ་བཟང་སྙན་གྲགས་དང་ཡུམ་རྣམ་རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱི༼ ༡༨༡༦༽ ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་སྐུ་བལྟམས།དགུང་ལོ་དྲུག་པར་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས།ཆུ་རྟ༼ ༡༨༢༢༽ ལོའི་བོད་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་མཆོག་ནས་སྙེ་ཐང་བདེ་བ་ཅན་དུ་ཆུང་སྲིད་རིན་པོ་ཆེའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ།མཚན་ངག་དབང་བློ་བཟང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ་གནང་མཛད་ཐོག  ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ཉིན་རབ་ཏུ་བྱུང་བའི་བསླབ་སྡོམ་ཡང་འབུལ་བཞེས་གནང་།ལོ་དེའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་རྒྱལ་དབང་མཆོག་ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་ཉི་འོད་འཁྱིལ་བར་ཕེབས་བསྐྱོད་ཀྱིས་མི་འཇིགས་གསེར་ཁྲི་ཆེན་པོར་ཞབས་སོར་འཁོད། དགའ་ལྡན་ཤྲི་གེ་ཐུ་སུ་མ་ཏི་པཀྵི་དང་། དགའ་ལྡན་ཁྲི་ཟུར་ངག་དབང་སྙན་གྲགས།སྤྲུལ་སྐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱ་མཚོ་བཅས་ཡོངས་འཛིན་དུ་བསྐོ་གཞག་མཛད་དེ་ཆུང་སྲིད་རིན་པོ་ཆེར་སྐུ་ཡོན་སྒྲོན་འགོ་ཚུགས།རྒྱལ་དབང་མཆོག་སྐུ་ཆུང་དུས་ནས་སློབ་གཉེར་ལ་ཐུགས་བརྩོན་ཆེ་བས།གཙོ་བོ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་གསན་བསམ་ལ་གཅིག་ཏུ་འགྲུས་པར་མཛད་པའི་མཐུ་ལས་ལུང་རྟོགས་ཀྱི་སྐུ་ཡོན་རྣམ་པར་རྒྱས།ས་གླང༼ ༡༨༢༩༽ ལོར་འབྲས་སྤངས་དགོན་དུ་བཀའ་ཆོས་གསན་སྦྱོང་ཐོགདེ་ནས་སེ་ར་དགོན་པ་སོགས་སུ་ཆིབས་བསྒྱུར་མཛད།ལྕགས་སྟག༼ ༡༨༣༠༽ ལོར་དབུས་ཕྱོགས་རྫོང་གཞིས་ཁག་གི་གཞུང་སྒེར་ཆོས་བཅས་ལ་ས་ཞིང་དང་།རྗེས་འབྲེལ་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཚང་མ་མོས་སྙོམ་ཞིབ་གཅོད་ཀྱིས་ས་གནས་སོ་སོའི་སྣེ་སྡོད་དང་།གཙོ་དྲག་རྒན་པོ།ས་བདག་གཞིས་བྱེས་འཁུར་མཉམ་ལེན་ཐོག་ནས་ས་རབ་འབྲིང་མཐའ་གསུམ་ལ་བསྐོར་ཏེ་སྒེར་ཆོས་འདོན་དང་།གཞུང་རྒྱུགས་རྐང་དུ་བརྩིས་པའི་རྩིས་ཁང་ཕུན་ཚོགས་བཀོད་པའི་རྩ་འཛིན་ལྕགས་སྟག་ཞིབ་གཞུང་ཞེས་པའི་དེབ་གཞི་གཏན་འབེབས་གསར་བསྒྲིགས་གནང་།ཤིང་རྟ༼ ༡༨༣༤༽ ལོའི་ཟླ་བཞི་པའི་ཚེས་བདུན་ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱལ་དབང་མཆོག་ལ་བསྙེན་རྫོགས་ཀྱི་བསླབ་སྡོམ་ཡང་དག་པར་འབུལ་བཞེས་ལེགས་པར་བསྐྱངས།ལོ་དེར་རྒྱལ་དབང་མཆོག་ནས་ཁལ་ཁ་རྗེ་བཙུན་དམ་པ་དང་། ཐོར་རྒོད་རྒྱལ་པོ་རྣམས་ལ་གཟིམ་ཆུང་དུ་དམིགས་བསལ་མཇལ་ཁ་དང་།ཆོས་འབྲེལ་གནང་བར་མ་ཟད།ཐོར་རྒོད་རྒྱལ་པོའི་ཞུ་མོས་ལྟར།ཐོར་རྒོད་ཡུལ་དུ་དུས་འཁོར་སྒྲུབ་མཆོད་གསར་འཛུགས་བྱེད་པར་གྲྭ་ཚང་གྲྭ་རིགས་ཆེད་རྫོང་མཛད།མཐར་དགུང་གྲངས་ཉི་ཤུ་རྩ་གཉིས་ལ་ཕེབས་པ་མེ་བྱ༼ ༡༨༣༧༽ ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་གཟིམ་ཆུང་ཕུན་ཚོགས་འདོད་འཁྱིལ་དུ་ཁྲིའུ་ཤིང་གི་ཁར་བྱམས་པའི་བཞུགས་སྟངས་ཀྱིས་བཞུགས་ཏེ།  བཞད་མོའི་རྣམ་པ་བཅས་མཛད་བཞིན་པའི་ངང་མཛད་པའི་མཐའ་མ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་མཛད་དོ།།  སྐུ་གདུང་རིན་པོ་ཆེ་པོ་ཏ་ལའི་གསེར་གདུང་ཁམས་གསུམ་རྒྱན་མཆོག་ཏུ་བཞུགས།       

༼  དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།༽

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:རྒྱལ་བ་བསྐལ་བཟང་རྒྱ་མཚོ།
  • ལེ་ཚན་རྗེས་མ།:སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ།
  • རྩོམ་གསར། 10