ཨ་རྫི་ཚང་གི་ལོ་རྒྱུས།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-01-28

               སྡེ་པ་ཨ་ཤེས་སྒྲོལ་མ་དེ།

               བྱ་ཁྱུང་ཁྱུང་གི་སྒོ་ང་ཡིན།

               སྒོང་ལུང་མེད་ལ།

               ལུང་བཙུག་མཁན་ཨེ་ཡོད་མི་ཤེས།

 

               ཨ་རྫིག་ཕུན་ཚོགས་དབང་པོ་དེ།

               དམར་ཡག་སྟག་གི་ཕྲུ་གུ་ཡིན།

               སྟག་དམར་ཡག་ལ།

               མགོ་སྤུ་བཟུང་མཁན་ཨེ་ཡོད་མི་ཤེས།

དུས་རབས་བཅུ་དགུ་པའི་ནང་དུ་ལི་ཐང་གི་ཡུལ་དུ་ཨ་རྫིག་ཅེས་པའི་དུད་ཀ་གྲགས་ཅན་ཞིག་ཡོད།དུད་ཚང་འདི་ལི་ཐང་གི་ལོ་རྒྱུས་ཐོག་མྱུར་དུ་སྙན་གྲགས་སུ་ཆས་པའི་རྒྱུ་མཚན་གཙོ་བོ་དེ།ཁྱིམ་ཚང་དེར་ཤིན་ཏུ་དཔའ་སྟོབས་འཛོམས་པའི་བུ་སྤུན་དགུ་ཡོད་པའི་ཕྱིར།དེ་དུས་ཀྱི་སྤྱི་ཚོགས་སྒང་དུ་ཨ་རྫིག་གི་བུ་ཞེ་ན།ཐམས་ཅད་འཇིགས་འགྲོ་བ་དེ་ཡིན།དཔའ་རྒྱ་ཚ་ཞལ་དཀར་ལས་མཆེད་པ་ལྟར་གྱི་བུ་སྤུན་དགུའི་ནང་དུ་སྤུན་ཆེ་བ་དེ་ལི་ཐང་ཚོ་གསུམ་འཇའ་བ་གྲོང་ལྟག་ཚང་དུ་མག་པ་སོང་བ་ལས།གཞན་བརྒྱད་པོས་རྐུ་ཇག་ཁྲམ་གསུམ་གྱི་ལས་ཤ་སྟག་ལ་བརྟེན་ནས་འཚོ་བ་རོལ་བས།མི་བསད་པ་ལ་ཤིག་བསད་པའི་འདུ་ཤེས་ཙམ་ལས་མེད་ཅིང་།མཐར་དགྲ་ཟླ་ཇེ་མང་དུ་སོང་ནས་སྤུན་རྣམས་རིམ་བཞིན་ལི་ཐང་ཨོ་ཐོག་དཔོན།གྱོང་པ་དཔོན།འཛོམས་པ་དཔོན།རྩེ་ཤག་སྡེ་པ་སོགས་ལ་མགོ་བཏགས་ཞུས་དགོས་ཐུག  སྤུན་འདི་དག་ལ་བཤད་པའི་ཁ་དང་འཛིང་པའི་དཔའ་ཡི་ཡོན་ཏན་འཛོམས་ཤིང་།དཔོན་རྣམས་ལའང་དཔའ་རྒོད་འདི་འདྲ་ཤིན་ཏུ་མཁོ་བས།དགོས་དང་དགོས་མཁན་གཉིས་ཏག་ཏག་འཕྲད་པ་ལྟར་གྱུར།གོང་གི་ཚིག་དེ་ཨ་རྫིག་ཕུན་ཚོགས་དབང་པོས་དཔོན་དུ་མ་འཛོམས་པའི་ཚོགས་འདུ་ཞིག་ཏུ་བཤད་པ་ཡིན།ད་བར་དུ་ལི་ཐང་གི་ཡུལ་དུ་རླུང་ལྟར་གྲགས།དེ་དུས་ཁོང་ཉིད་ལི་ཐང་སྡེ་པ་ཨ་ཤེས་སྒྲོལ་མ༼  མོ ༽ ཚང་གི་སྤྱི་དཔོན་ཡིན།དེ་བཞིན་དུ་ཁོང་གི་སྤུན་གཞན་པ་ཚོའང་ཡུལ་ཕྱོགས་ཁག་གི་དཔོན་རྣམས་ཀྱི་དམག་དཔོན་དང་།སྤྱི་དཔོན།གྱོད་བཤད་མཁན་དག་གི་འགན་བཞེས་ཡོད་ཅིང་།དཔོན་ཚང་དེ་དག་གི་སྒྲིག་འཛུགས་ཁྲོད་དུ་དབང་ཆ་ཡོད་མཁན་རྐྱང་རྐྱང་ཡིན།དེས་ན་དུས་རབས་བཅུ་དགུ་པའི་ལི་ཐང་མངའ་རིས་ཞིང་ཁམས་ནས་གཙོས་པའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བུ་སྤུན་འདི་དག་གིས་ཤུགས་རྐྱེན་ཐེབས་པ་དེ་སྨོས་མ་དགོས་པ་ཞིག་རེད།དགེའོ།།


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོ་དང་ལི་ཐང་།
  • ལེ་ཚན་རྗེས་མ།:ཁམས་ལི་ཐང་མ་ལ་སྟོད་ཇ་འགོ་རྫོང་གི་ལོ་རྒྱུས་མདོར་བསྡུས།