ཞིང་ཁའི་བུ་མོ།

ཚུལ་ཁྲིམས་ལེགས་བཤད།        2019-01-28

སྙེ་མ་རླུང་གིས་སྐྱོམ་པའི་ཞིང་ཁ་དེར།།

འདབ་ལོའི་གུར་ཁྱིམ་ཕུབ་པའི་མེ་ཏོག་གིས།།

སྦྲང་མས་འཐེན་པའི་མཛའ་གླུ་རིང་མོར་ཉན།།

ཞིང་ཁའི་བུ་མོ་གསེར་མོ་གཞོངས་ནས་མཛེས།།


ཡུར་ཆུ་འཐེན་བཞིན་ཆུ་ཐིགས་གོས་སྣེར་ཟགས།།

འཇམ་གཉེན་ལག་པས་ལྡུམ་བུ་ཡུར་ཞོར་དུ།།

འབྲུ་ཡི་མགོ་བོ་ལྡེམ་པ་སྤྱན་གྱིས་འཚོལ།།

ཞིང་ཁའི་བུ་མོ་འབྲུ་དྲུག་བདག་མོ་རེད།།


གནམ་སྣུག་སྐྲ་ལོ་འཇམ་པོའི་བསིལ་རླུང་སྤུར།།

འཛུམ་དང་སྒེག་པའི་བཞིན་རས་འོད་དུ་འཁྱིལ།།

ལག་མཐིལ་པད་མོས་ཟོར་བས་རྩྭ་ལྡུམ་བྲེགས།།

ཞིང་ཁའི་བུ་མོ་རྩྭ་ཐང་མེ་ཏོག་རེད།།


སྐེ་དཀྲིས་དམར་པོས་ཐོད་པའི་ཉི་ཡོལ་བཀལ།།

སྟོན་ཁའི་བསིལ་རླུང་སྨད་ཤམ་སྣེ་ལ་འཁྱུད།།

ལུས་རྔུལ་ཐིག་པ་མཁུར་ངོས་སྒང་ན་གྲིལ།།

ཞིང་ཁའི་བུ་མོས་སྙེ་མའི་ཕོན་པོ་རྩེད།།


སྡོང་ལོ་ཤིག་ཤིག་འཐོར་བའི་སྟོན་འཇུག་ལ།།

སྙེ་མའི་ཕོན་ལས་ལོ་འབྲས་བཅུད་དུ་ལེན།།

ལོ་ཆང་སྙལ་གྱིན་བདུད་རྩི་སྙིང་ཁུ་བསོ།།

ཞིང་ཁའི་བུ་མོས་ལོ་རྙིང་སྐྱེལ་མར་བྱེད།།


  • ལེ་ཚན་སྔོན་མ།:གྲོགས་པོ་ཞིག་ལ་བྲིས་པ།
  • ལེ་ཚན་རྗེས་མ།:མར་མེ་རྐང་གཅིག