རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས་གྲངས་འཛམ་གླིང་གི་ཨང་དང་པོར་ཐོག་མར་སླེབས་པ།

    མི་དམངས་ཉིན་རེའི་ཚགས་པར།    2019-01-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོར། རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས་གྲངས་འཛམ་གླིང་གི་ཨང་དང་པོར་ཐོག་མར་སླེབས་ཡོད། 2018ལོའི་ཟླ12ཚེས31ཉིན་བར་རང་རྒྱལ་གྱིས་ལོ་འཁོར་མོར་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས39བྱས་པའི་གྲུབ་འབྲས་ཐོག་ནས་ཨ་རི་དང་ཨུ་སུ་རུ་ལས་བརྒལ་ཏེ་འཛམ་གླིང་གི་ཨང་དང་པོར་ཐོག་མར་སླེབས་ཡོད།

གསར་འགྱུར་དེ་རྩོད་གླེང་སྤུ་ཙམ་མེད་པར“2018ལོའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་གསར་འགྱུར་ཆེ་གྲས་བཅུའི”གྲས་སུ་བདམས་ཡོད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཀྱི་གསར་འགྱུར་ཆེ་གྲས་བཅུའི་དཔྱད་འདེམས་སྒྲིག་འཛུགས་ཨུ་ལྷན་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས39ཡི་ཁྲོད་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པས་འཕེན་གཏོང་བྱས་པ་ཐེངས37དང་། མགྱོགས་གྲུ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པས་འཕེན་གཏོང་བྱས་པ་ཐེངས1ཚང་མ་འཕེན་གཏོང་ལེགས་གྲུབ་བྱུང་ཡོད། ད་དུང་ཀྲུའུ་ཆོད་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་ཐེངས1འཕེན་གཏོང་བྱས་ཡོད། མ་གཞི་འཕེན་གཏོང་ལམ་ལྷོངས་མ་བྱུང་ཡང་། དེ་ནི་ཀྲུང་གོའི་དམངས་གཉེར་འཇིག་རྟེན་འཕུར་སྐྱོད་ཁེ་ལས་ཀྱིས་སྲུང་སྐར་འཕེན་གཏོང་གི་ཚོད་ལྟ་ཐོག་མར་བྱས་པ་ཞིག་རེད།

2018ལོར་གོ་ལ་ཧྲིལ་པོར་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས114བྱས་ཤིང་། ཀྲུང་གོ་ཕུད་ཨ་རིས་ཐེངས34དང་། ཨུ་རུ་སུས་ཐེངས20 ཡོ་རོབ་བར་སྣང་ཅུས་ཀྱིས་ཐེངས8 རྒྱ་གར་གྱིས་ཐེངས7 རི་པིན་གྱིས་ཐེངས6བཅས་བྱས་ཡོད་པ་རེད།

2018ལོར། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40ཏག་ཏག་འཁོར་བ་རེད། 1978ལོར་ཀྲུང་གོས་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས་1ལས་བྱས་ནས། སྲུང་སྐར་1བར་སྣང་དུ་བསྐྱལ་ཡོད། 2018ལོར་ཀྲུང་གོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དགུ་པས་སྲུང་སྐར103དང་མིའི་རིགས་ཀྱི་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་འཚོལ་ཞིབ་ཡོ་ཆས་ཐོག་མ“ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ”བདེ་བླག་ངང་འཕེན་གཏོང་བྱས་ཡོད་པ་རེད།

1970ལོར་མིས་བཟོས་སྲུང་སྐར“ཤར་ཕྱོཌ་དམར་རྟཌ་ཅན་ཨང་དང་པོ”འཕེན་གཏོང་བྱས་པ་ནས་བཟུང་། ཀྲུང་གོས་ལོ36གི་རིང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས100དང་པོ་དེ་བྱས་པ་དང་། ཆ་སྙོམས་ལོ་རེར་འཕེན་གཏོང་བྱེད་ཚད་ཐེངས3ཡང་ཟིན་གྱི་མེད། དེ་རྗེས་ཀྲུང་གོས་ཉེ་བའི་ལོ8ནང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས100གཉིས་པ་དེ་བྱས་པ་དང་། ཆ་སྙོམས་ལོ་རེར་འཕེན་གཏོང་བྱེད་ཚད་ཐེངས12.5ཟིན་ཡོད་པ་རེད།

2018ལོའི་ཟླ9པ་བར་ཀྲུང་གོས་དུས་ཐུང་ལོ5ཡང་མ་ཟིན་པའི་ནང་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ཐེངས100གསུམ་པ་དེ་བྱས་པ་དང་ཆ་སྙོམས་ལོ་རེར་འཕེན་གཏོང་བྱེད་ཚད་ཐེངས20ཡན་ཟིན་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:ཝང་དབྱང་གིས་འགོ་འཛིན་མཛད་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ་དང་ཉིས་སྟོང་བཅུ་དགུ་ལོའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:སི་ཁྲོན་འབར་ཁམས་ཀྱི་སྐབས་དང་པོའི“ཨ་ལ་ཆང་གསོལ་”རྒྱལ་རོང་བོད་ཀྱི་ལོ་གསར་དགོང་ཚོགས་འཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།