གྲོགས་པོ་ཞིག་ལ་བྲིས་པ།

ཐུབ་བསྟན་ཀུན་དགའ།        2019-01-25

མདང་ནུབ་ཤར་གྱི་ཕྱོགས་ཀྱི་ནམ་མཁར་བལྟས།།

སྐར་མ་ཚོན་པོ་སེམས་ཀྱི་སྒྲོམ་དུ་བཅུག།

ཁྱེད་ཀྱི་གཟན་སྣེ་ཕུར་གྱིས་མཁའ་རུ་སྐྱོད།།

ངལ་བའི་དབུགས་ཀྱིས་ཁྱེད་ཉིད་རྒྱང་བསྐྱལ་བྱས།།

 

ཡངས་པའི་མཁའ་རུ་གཤོག་པའི་སྣུམ་ཚོན་བཏབ།།

སྤྲོས་པའི་ཚིག་གི་ཤོག་བུས་སེམས་རྒྱུད་བརླན།།

ཆར་གྱི་ཐིགས་པ་གོམ་སྒྲའི་ཟིལ་བ་ཆགས།།

གཟན་གྱི་སྣེ་མོ་གཙང་བོས་ཡང་ཡང་བཀྲུས།།

 

སྟོང་བའི་ཁམས་ལ་དྲན་པའི་མགུར་ཞིག་འཕངས།།

ནགས་ཀྱི་ཚལ་དུ་བྱེ་འུ་གཤོག་པ་ཐོགས།།

ལྗོན་པ་ལེབ་མོར་སྤྲིན་གྱིས་མིག་ཅིག་བྲིས།།

གངས་ཀྱི་མཛེས་པ་གླེང་བའི་སེམས་ཤིག་བྲིས།།

རླུང་བུ་གཡོ་བའི་རྩིག་པའི་ལྡེབས་ངོས་དེ།།

ཚམ་ཚོམ་མེད་པར་ཁྱོད་ལ་གཞས་ཤིག་བཀོད།།

གཞས་གདངས་དཀར་དམར་འདྲེས་པའི་ངག་རླབས་ཀྱིས།།

སྐྱོ་བ་རིལ་རིལ་ལམ་སྐེད་བར་མོ་སྤུངས།།


  • ལེ་ཚན་སྔོན་མ།:མེས་པོ་ཚོ་དྲན་སྟངས་གཞན་ཞིག
  • ལེ་ཚན་རྗེས་མ།:ཞིང་ཁའི་བུ་མོ།