གཙོད། 2019-01-25
མེས་པོ་ཚོའི་བཤུལ་ལམ་ན་བསང་དུད་སྔོ་ལིང་གཏོང་དགོས།
མེས་པོ་ཚོའི་གདན་སྟེང་ན་དར་ལྕོག་དཀར་པོ་འཛུགས་དགོས།
སྔོ་ནག་གི་གདོང་ལ་ལ་རྒྱ་ཞེས་པའི་ཡིག་འབྲུ་གཉིས་ཁུར་ཡོད།
གྲིབ་ནག་གིས་ཁེངས་པའི་སྐྲ་ལོའི་གསེང་ན་མ་བཅོས་པའི་བོད་
པ་ཞེས་ཐུམ་ཡོད།
སྦྲ་རྒན་དུ་ཕྱུ་ལ་གནའ་གཏམ་རིང་མོ་བརྐོས་འདུག
བོད་ལྭ་མཐུག་པོ་ལ་ཕྱི་དྲན་གྱི་འོ་མ་ཁམ་གང་བསྐྱུར་འདུག
ང་ཚོའི་ཕ་མེས་ཀྱི་མེས་པོ་ཡང་མེས་ཀྱི་མེས་པོ།
སྲོལ་རྒྱུན་གྱི་རྟ་ཕོ་ལ་ལྕགས་ཀྱིས་བསྐུལ་ནས་སོང་།
ཁྱེད་ཚོ་ཡོད་པས་ས་གོར་གོར་ལ་ལྕི་བ་ནག་རིལ་གནས།
ཁྱེད་ཚོ་ཡོད་པས་སྦྲ་ནག་གི་ཁྱིམ་གཞིས་གྲུབ།
ཁྱེད་ཚོ་ཡོད་པས་རི་མགོ་ནས་རྫི་གླུ་སང་སང་སང་མགུར།
དཔའ་བོའི་རལ་གྲི་སོ་ཁ་རྣོ་བས་རི་བོའི་བོད་ལྭ་ཕུད་མ་མྱོང་།
སོ་སུམ་ཅུའི་བར་ན་ཆགས་པའི་རྩམ་པའི་ཡང་སྙིང་།
ངོ་གདོང་ལ་སྣུམ་པ་ལེ་བྱུགས་པའི་མར་གྱི་གཡང་ཆར།
ཁ་ནས་རྡོལ་བཞིན་པའི་སྒྲོལ་མ་ཉེར་གཅིག
མ་ཎི་འབྲུ་དྲུག་དད་སེམས་ཀྱི་མེ་ལྕེ་ཚ་ཚ་འུར་འུར་འབར།
མེས་པོ་ཚོའི་རུས་པ་དཀར་ཞིང་མཐུག
ཁྱེད་ཚོའི་རུས་པ་ནི་གངས་ཀྱི་ཡང་རྩེ་རུ་ཟུག་ནས་ཉི་ཟླའི་
ཁ་གཏད་དུ་འགྲེང་།
ལག་ལ་ཐོགས་པའི་འཁོར་ལོ་དང་ཕྲེང་བ་དཀོན་མཆོག་གིས་
ཆོས་སྦྱིན་གནང་།
ཁྱེད་ཚོའི་སེམས་གཏིང་ལ་ཟུག་པའི་དཀོན་མཆོག་གི་དད་པ།
ལུས་པོ་ལ་དྲོད་སྩོལ་བའི་དངོས་པོ་གཞན་ཞིག
ཡང་ན་རེ་དོགས་དང་ཕྱི་བལྟས་མེད་པར་བགྲོད་ཆོག་པའི་སྐྱེ་བ་ཕྱི་མ།
རྩོམ་གསར། 10