གཙང་འགྲམ་གྱི་མེ་ཏོག

སྨག་སེལ།        2019-01-21

སྤྲིན་དཀར་འཇའ་རུ་ཤར་བའི་དབྱར་གཞུང་དུ།།

སྦྲ་མཐའི་ལ་གཞས་ཆ་གཅིག་སྙིང་ལ་སིམས།།

ལྷུང་ལྷུང་གཙང་བོའི་འགྲམ་གྱི་མེ་ཏོག་ཀྱང་།།

ང་ཡི་སེམས་ཀྱི་ཕྱི་ནང་གཉིས་ཀར་ཐིམས།།

 

ཉིན་ཞག་རྫོགས་མེད་ཅིག་གི་རྨི་ལམ་ལས།།

བྱམས་པའི་བཞིན་རས་ངོས་ཀྱི་འཛུམ་ཀོང་གྲོལ།།

ལྡེམ་ལྡེམ་གར་གྱིས་རྩེན་པའི་ལང་ཚོ་ཡང་།།

རྟོག་པའི་གུར་ཁྱིམ་དབུས་ན་རྟག་ཏུ་མཛེས།།

 

འཛུམ་ཆུང་བག་མར་བསུ་བའི་ལོ་ཟླའི་ཁྲོད།།

དུངས་བའི་ཡིད་ཀྱི་འཇོལ་ལོ་སྙིང་ལ་བཅངས།།

སྙན་སྙན་རྒྱུད་མངས་སྟོང་གི་དབྱངས་རྟ་ཡང་།།

བདག་གི་ཚེ་རབས་ལས་ཀྱི་དྲན་ཤིང་ཡིན།།

ཉིན་མཚན་ལོ་ལས་རིང་བའི་དུས་ཚིགས་སུ།།

དྲན་པའི་གླེགས་བམ་ཞིག་གི་དབུ་ཁྱུད་བྲིས།།

ཁྲེལ་གཞུང་ཕྱི་ཐག་ཅན་གྱི་བྱམས་པ་ལ།།

ཞིམ་མངར་གཏམ་རྒྱུད་རེ་རེ་གླུ་རུ་བླངས།།

 

སྙིང་གི་སྒྲོམ་དུ་བཅུག་པའི་གསང་ཨང་ལས།།

དུངས་བ་དབྱངས་ལ་དཀྲིས་པའི་མགུར་མོ་དང་།།

འཁོར་བའི་རྨི་ལམ་ཐང་གི་བརྩེ་སྒྲུང་གཉིས།།

ས་མཐའི་རོགས་ལ་ཕུལ་བའི་ལེགས་སྐྱེས་ཡིན།།

 

དགའ་སྐྱོ་ཕྲེང་བར་བརྒྱུས་པའི་སྙན་ངག་གིས།།

གདུང་བའི་ན་ཟུག་དག་ཀྱང་ཤུགས་ཀྱིས་གྱེར།།

ཞེ་སེམས་ཆང་ལ་བསྒྲེས་པའི་སྨྲེང་གླུ་ཡིས།།

ལོ་ཟླ་ཁེར་རྐྱང་ཞིག་གི་གནས་མལ་བསྐྱལ།།


  • ལེ་ཚན་སྔོན་མ།:བརྩེ་གཞས་ཐན་ཐུན།
  • ལེ་ཚན་རྗེས་མ།:གདངས་འཁྱག་པ།