བརྩེ་གཞས་ཐན་ཐུན།

མྱུག་ཆར།        2019-01-21

ལྷག་པའི་ལྷ་ཞེས་མི་བསྟོད།།

མི་འགྱུར་དད་པས་གསོས་ཡོད།།

ངག་དབང་དབྱངས་ཅན་ལྷ་མོས།།

གཞས་འདི་ལེན་རོགས་གནང་ཤོག།

 

དཔེ་གཟུགས་རི་མོའི་བར་གྱི།

སྙིང་གཏམ་དམར་པོ་ངས་འབྲི།

ཁ་ལས་མི་ཁས་ཟད་ཀྱང་།།

རང་ལུས་རང་གིས་གསོས་ཆོག།

 

ན་མཉམ་སྤུན་ཟླའི་གྲལ་ནས།།

བྱམས་པ་ལས་ཀྱིས་འཁོར་བྱུང་།།

ལས་འཕྲོ་དར་གྱི་སྣེ་ལ།།

སེམས་ཀྱི་གཞས་འདི་ངས་ལེན།།

 

འཇིག་རྟེན་སྣང་བ་གོས་རེད།།

གོས་ཀྱི་རི་མོ་བྲིས་མ།།

ཆུ་དང་ཆར་བས་བསུབ་ན།།

ཡིད་སེམས་སྐྱོ་བའི་གཞི་རེད།།

 

སེམས་ལ་དྲན་པ་མང་ཡང་།།

བྱམས་པ་དྲན་ན་སྐྱོ་ཡོང་།།

བྲང་ཁོག་སྟོང་བའི་ནང་ནས།།

བྱམས་པའི་ཞལ་རས་དྲན་ཡོང་།།

 

སེམས་ལ་འདི་དྲན་མེད་པས།།

ལས་དབང་རླུང་བུ་གཡུགས་བྱུང་།།

དྲན་པ་འཕྲིན་དུ་སྤྲིངས་བ།།

སྙན་མགུར་ཟེར་ན་ཡིན་འགྲོ།

 

བྱམས་པ་བྱམས་པ་ཟེར་དུས།།

བྱམས་པ་མཐོང་རྒྱུ་མི་འདུག།

ཁ་ཚིག་ལན་གཅིག་ཐོས་པས།།

སྙིང་ལ་ཙག་ཤེད་བརྒྱབ་སོང་།།

 

བྱམས་པ་དྲན་རྒྱུ་བྱུང་དུས།།

ཞལ་པར་བྲང་ལ་བརླན་ཡོད།།

སྙིང་གཏམ་ཤག་ཤག་བྱོ་སྐབས།།

ཞེ་ལ་ཕྱི་འགྱོད་མི་འདུག།

སྙིང་རུས་རྡོ་རུས་བྱས་ཏེ།།

ལྷན་གཅིག་འགྲོགས་རྒྱུ་བྱུང་ན།།

ང་དང་བྱམས་པའི་བར་ན།།

མི་འགྱུར་ཞེ་ཐག་བཅད་ཆོག།

 

ཉི་མ་རི་ལ་ཡལ་ནས།།

མུན་པའི་ཡོལ་བ་འཐེན་རྗེས།།

ཟླ་བ་ཡར་ཚེས་ཡིན་པ།།

བྱམས་པ་འདྲ་ལེ་བྱུང་སོང་།།

 

བརྩེ་བ་མེ་ཏོག་གད་ནས།།

སྙིང་འཕྲིན་འཕྲིན་པ་བསྟབས་ཡོད།།

ཞེ་དང་སྣང་བ་མཐུན་པས།།

ཁ་ཁར་འགྲོ་དགོས་མ་གསུངས།།

 

ཚོར་དང་མ་ཚོར་བར་ནས།།

བརྩེ་བའི་གོམ་འགྲོས་ནོར་སོང་།།

ནོར་དང་མ་ནོར་མ་འདུག།

ང་ཡི་སྣང་བ་སྤྲོ་ཡོང་།།

 

དགའ་བ་རུས་ལ་འཐིམ་ཡོད།།

དུང་བ་རྐང་ལ་འདྲེས་ཡོད།།

དགའ་དུང་གཉིས་ཀྱི་མཚམས་ནས།།

སྙིང་ཤ་དྲོད་ལ་ལྡེ་ཡོད།།

 

ཁ་དང་ལག་པའི་བར་ནས།།

ཕྱག་ཟུང་ཁྱེད་ལ་བསྲིངས་ཡོད།།

བྱམས་པ་བློ་ཁྲེལ་ཅན་མས།།

ཕྱི་ཐག་ང་ལ་བསྐྱུར་ཞོག།

 

རྒྱང་རིང་ཡུལ་ལ་འཁྱམ་ནས།།

བར་ཐག་རི་ཆུས་བཅད་ཀྱང་།།

ཞེན་ཆགས་ཡིད་ཀྱི་མེ་ཏོག།

རང་རང་སེམས་ན་འཁྲུངས་ཡོད།།

 

སྣང་བ་སྤྲིན་ལ་བཅོལ་ནས།།

རྨི་ལམ་ཞེ་ལ་བཟུང་ཡོད།།

མ་འོངས་ཁ་ཆད་དུས་ལ།།

སྨོན་པའི་ལས་སྐལ་རྒྱབ་ཡོད།།

 

ལོ་ཟླའི་འཁོར་སྐྱོད་བར་ནས།།

ན་རྒས་འཆི་བར་སླེབས་ཀྱང་།།

སྙིང་ལ་བརྩེ་བ་ཡོད་ན།།

གཞོན་དང་མ་གཞོན་མི་འདུག།

 

སེམས་ཀྱི་སྨྲེང་བ་ཁོ་ནས།།

ལུས་པོ་ཡོམ་འདར་བྱུང་ཡང་།།

ས་ཐག་རིང་ས་ཞིག་ནས།།

སེམས་ཐག་ཉེ་སར་བཅར་ཡོད།།

 

བྱམས་པ་བྱམས་པ་ཟེར་བ།།

ནངས་འགྲོགས་དགོང་འགྲོགས་མ་རེད།།

ཞེ་དང་སྣང་བ་མཐུན་པ།།

བྱམས་པ་དེ་ལས་མ་མཆིས།།

 

སྙིང་གི་ཚི་ལུར་གྱུར་བ།།

སྔོན་བསགས་འབྲས་བུ་ཡིན་སོང་།།

ཡིད་ཀྱི་མཚོ་མོའི་ཁ་ཡི།།

དམར་ཆུང་བྱུ་རུ་འདྲ་བྱུང་།།

 

ལོ་ཟླ་ཞག་གིས་སྦྲེལ་བའི།།

ཚེ་གཅིག་ལུས་ལ་བཏབ་ཡོད།།

སྐྱིད་སྡུག་ངུ་དགོད་རེས་མོས།།

བགྲང་བྱའི་ཚོན་ལ་བརྒྱུས་ཡོད།།

 

མི་ཁྲོལ་ངག་གི་ཞལ་རྩེད།།

བྱམས་པའི་ཕྱོགས་ལ་བསྐུར་ཡོད།།

གཞོན་པའི་སྣང་མ་མིན་ན།།

བྱམས་པའི་ཡན་ཞིག་མེད་ཀི།


  • ལེ་ཚན་སྔོན་མ།:སྙིང་ཁར་བཞད་པའི་མེ་ཏོག
  • ལེ་ཚན་རྗེས་མ།:གཙང་འགྲམ་གྱི་མེ་ཏོག