སྒེའུ་འགྲམ་གྱི་སྡོང་པོ།

གསེར་ཀུན་དགའ།        2019-01-18

    ནམ་ཟླ་དགུན་ཁ་སླེབས་བྱུང་། བདག་གི་ཁང་མིག་གི་ཕྱི་རོལ་ན་ཁ་བ་ཙག་ཙིག་འབབ་ཀྱིན་འདུག མིའི་རིགས་ཀྱི་ཚེ་སྲོག་ལ་དབྱང་རླུང་སྤྲོད་མཁན་གྱི་སྡོང་པོ་ནི། ཁ་བ་བུ་ཡུག་གི་གྲང་རླུང་ཁྲོད་ན་ཤ་རྗེན་དུ་འདར་སིག་སིག་བྱེད་བཞིན་གདའ། སྐབས་དེར། ལག་ན་ཤེལ་གྱི་ཇ་ཕོར་ཐོགས་པའི་བདག་གིས་དེ་ལ་ལྟ་བཞིན་དེ་ལ་བསམ་བཞིན། སྒེའུ་འགྲམ་གྱི་སྡོང་པོ་དེའི་སྐྱིད་སྡུག་ལ་མནོ་བསམ་ཞིབ་མོ་ཞིག་གཏོང་མགོ་བརྩམས། མ་གཞི་སྡོང་པོ་ནི་ཅི་འདྲའི་ཐོན་ཁུངས་ཆེན་པོ་ཞིག་དང་དེ་འདྲའི་མཛེས་ཤིང་སྡུག་པ་ཞིག་རེད། ཁོ་ལ་འཇིག་རྟེན་གྱི་བསིལ་གྲིབ་ཆེན་མོ་ཞེས་བོས་ནའང་མི་འགྲིག་པ་ག་ལ་ཡོད། འོན་ཀྱང་དགུན་གསུམ་གྱི་གྲང་རླུང་ཁྲོད་ནས་ཁོ་རང་འདར་སིག་སིག་ཏུ་གཅེར་བུར་ལུས་དོན་ཅི་ཡིན།

    སྟོན་གསུམ་གྱི་བ་མོའི་ཁ་ནས་ཁོའི་མགོ་ཡི་སྐྲ་ལོ་ལྟར་འཕྱང་བའི་ལོ་མ་དག་རླུང་གིས་བསེད་དོན་ཡང་ཅི་ཡིན། དཔེ་ཆ་འགའ་རེའི་ནང་དུ་རྒྱ་གར་གྱི་མཚན་ཉིད་རིག་པ་བ་མང་ཆེ་བ་ནི། སྡོང་པོའི་བསིལ་གྲིབ་འོག་ནས་བྱ་དངོས་ལ་མནོ་བསམ་གཏོང་ཞིང་། བྱ་དངོས་ལ་སྡོམ་ཚིག་བཀོད་པ་རེད་ཟེར། ཡང་དཔེ་དེབ་འགའ་རེའི་ནང་དུ། སྡོང་པོ་ནི་སྲིད་པ་རྒན་པོའི་རལ་བ་ཡིན་ལ། སྡོང་པོ་བྱུང་བ་ནས་བཟུང་མིའི་རིགས་ལ་ཚེ་སྲོག་གི་དབུགས་རྒྱུན་རྒྱས་པ་རེད་ཟེར། གང་ལྟར་སྡོང་པོ་ནི་མིའི་རིགས་ཀྱི་ལོ་རྒྱུས་ལ་རྒྱབ་ལྗོངས་སྩོལ་མཁན་དེ་ཡིན་ལ། རང་བྱུང་ཁམས་ལ་མཛེས་སྡུག་གི་ཚོན་རིས་འབྲི་བའི་ལྷའི་དབང་པོའི་པིར་སྨྱུག་དེ་ཡང་ཡིན།གལ་ཏེ་སྡོང་པོ་འདི་མེད་ན་སྲིད་པའི་ཐོང་སོ་སར་དར་མི་སྲིད་ལ། བ་སོ་དཀར་པོ་ཁར་སྐྱེ་མི་སྲིད། ཐ་ན་རང་བྱུང་ཁམས་ཀྱི་ཆེས་གཞི་རྩ་རུ་གྱུར་པའི་མཛེས་པ་དག་ཀྱང་མིག་གི་དགའ་སྟོན་དུ་ངོམ་མི་ཐུབ་པ་རེད།

སློབ་ཆུང་སྐབས་སུ་ངས་སྡོང་པོ་དང་འབྲེལ་བ་ཡོད་པའི་ཚིགས་བཅད་ཅིག་བློར་འཛིན་མྱོང་བ་ནི་འདི་ལྟར། རི་ལ་སྡོང་མང་འཛུགས། ། ཆུ་མཛོད་བསྐྲུན་དང་མཚུངས། ། ཆུ་ཡོམ་དེས་རྔུབ་ཐུབ། ། ཐན་པ་དེས་བསལ་ནུས།། ཞེས་པ་དེ་ཡིན་ལ། སྐབས་དེར་ངས་ཚིགས་བཅད་དེའི་ཚིག་རིས་རྐྱང་བ་ཙམ་བློར་ལེན་པ་ལས་དེའི་ནང་དོན་ཅི་ཞིག་ཡིན་པ་གཞི་ནས་མ་རྟོགས། ཡང་ང་རང་རྫི་བོ་ཡིན་དུས། ཨ་མས་ང་ལ་མེ་ཏོག་དང་སྡོང་པོའི་ཡལ་ག་སོགས་འཐུ་མི་རུང་སྟེ་དེ་ནི་ལྷའི་མཆོད་རྫས་ཡིན་ཞེས་བཤད་མྱོང་། གང་ལྟར་སྔོན་རབས་མེས་པོ་ཚོས་ཀྱང་སྡོང་པོ་ལ་སྲུང་སྐྱོང་དང་གཙིགས་ཆེན་བྱེད་སྲིད་པ་ནི་ཕ་མ་དང་དགེ་རྒན་གྱིས་ང་ལ་བཤད་མྱོང་མོད།འོན་ཀྱང་སྐབས་དེར་ང་རང་ལོ་ན་ཆུང་བས་དེ་དག་གི་ནང་དོན་གསལ་བོ་ཞིག་གོ་མ་སོང་།

    ང་རང་ནར་སོན་པའི་དེ་རིང་སྟེ་ཁ་བའི་འདབ་མ་ལྷབ་ལྷབ་ཏུ་ས་ལ་འཐོར་ཉིན་མོ་འདིར། ངའི་སྒེའུ་འགྲམ་གྱི་སྡོང་པོས་ང་ལ་བསམ་གཞིག་གི་སྒོ་གླགས་ཕྱེས་སོང་། ང་ལ་སྔོན་གྱི་ལེགས་བཤད་དག་ཡང་བསྐྱར་ཀློག་འདོན་བྱེད་དུ་བཅུག་སོང་། ངས་ཡང་བསྐྱར་སྡོང་པོ་ལ་ལྟ་བཞིན་སྡོང་པོ་ལ་བསམ་བཞིན་སྡོང་པོ་དེའི་རྩར་སོང་། སྐབས་རེར། སྡོང་པོ་ནི་འཇིག་རྟེན་གྱི་ཆག་འཇིག་འགོག་པའི་ལྕགས་ཀྱི་གོ་ཁྲབ་ཅིག་ཡིན་པར་འདོད་ལ། ཡང་ལན་རེར་སྡོང་པོ་ནི་སའི་གོ་ལ་སྐྱོབ་པའི་སྲིད་པ་རྒན་པོའི་ཕྱག་ཟུང་དེ་ཡིན་པར་སྙམ།

    ཀྱེ་སྡོང་པོ་ལགས། ཁྱེད་ནི་ས་ལྒང་འདིའི་ཆེས་ཆེ་བའི་རྒྱ་མཚོ་དེ་ཡིན་ལ།ཆེས་དྲོ་ཞིང་འཇམ་པའི་ཉི་འོད་དེའང་ཡིན། རྒྱུ་མཚན། ཆུ་ལོག་གི་འཇིགས་པ་དེ་ཁྱེད་ཀྱིས་འགོག་ནུས་ལ།ཚ་གཟེར་གྱི་ཐན་པའང་ཁྱེད་ཀྱིས་བསལ་ནུས། འདི་ལྟར་བཤད་ན་ཁྱེད་ནི་ནུས་པ་ཀུན་ལྡན་གྱི་སྣོད་བཅུད་གཉིས་ལ་ཆེས་མཁོ་བའི་དགོས་འདོད་ཀྱི་ནོར་བུ་དེ་ཡིན་ཞེས་བཤད་ཆོག་ལ། བྱ་དང་རི་དྭགས་ཀྱི་ཆེས་དྲོད་ཁོལ་འཛོམས་པའི་གནས་མལ་དེ་རེད་ཅེས་བཤད་ནའང་བསྟོད་པའི་བོང་བུར་ཞོན་ག་ལ་ཡོད། དེང་སྐབས་འབྲི་ཆུའི་སྟོད་རྒྱུད་དུ་ཆུའི་འཇིགས་པ་ཆེན་པོ་བྱུང་བཞིན་ཡོད། དེ་ནི་མིའི་རིགས་ཀྱིས་ཁྱེད་ཉིད་བཅད་གཏུབ་བྱས་ཟིན་པས་ཡིན་ནམ། དེང་སང་ཡུལ་གྲུ་མང་པོ་རུ་ས་ཡོམ་དང་རིམས་ནད་སྣ་ཚོགས་མཆེད་བཞིན་ཡོད། དེ་ནི་མིའི་རིགས་ཀྱིས་ཁྱེད་ལ་ཚད་བརྒལ་གྱི་གཏོར་བརླག་བྱས་པས་ཡིན་ནམ། ཡང་གཅིག་བཤད་ན། དེ་རིང་གི་ཁ་བ་དང་གྲང་ངར་འདི་ཡང་ཁྱེད་ཀྱི་རྒྱབ་ཀྱི་ལོ་མ་དག་འཐོར་བས་ཡིན་ནམ།གང་ལྟར་ཁྱེད་མེད་ན་ས་གཞི་འདི་རྩྭ་ཆུ་དང་བྲལ་བའི་མྱ་ངན་ཐང་ཆེན་པོ་ཞིག་ཡིན་ལ། ནམ་མཁའ་འདི་ཡང་དུད་སྤྲིན་གྱིས་སྒྲིབ་པའི་སྨག་རུམ་ཆེན་པོ་ཞིག་ཡིན། ཡོད་ཚད་གཞན་གྱི་ཆེད་དུ་འབུལ་ཞིང་རང་ཉིད་ལ་དགུན་གྱི་ཙག་ཁ་འདི་འགོག་པའི་ལྭ་བ་ཙམ་ཡང་མེད་པ་ནི། ཁྱེད་རང་དབུལ་སོང་བས་མིན། དེ་ནི་ཁྱེད་རང་རླབས་ཆེ་བས་སོ།།ཐ་ན་ཁྱེད་ཀྱི་ལོ་མ་རེ་ཡང་ང་ཚོ་ལ་མཚོན་ན་ཤེས་རབ་ཀྱི་གླེགས་བུམ་ཆེན་པོ་ཞིག་ཡིན་ལ། ཁྱེད་ཀྱི་ཡལ་ག་རེ་རེ་ནི་ང་ཚོ་ལ་མཚོན་ན་ལོ་རྒྱུས་ཀྱི་ཀ་བ་ཆེན་པོ་ཞིག་ཡིན། གང་ཡིན་ཞེ་ན། ཁྱེད་ཀྱི་ལོ་མ་རེའི་ངོས་སུ་རྒྱལ་བའི་བཀའ་འགྱུར་ཆེན་པོ་བྲིས་མྱོང་ལ། ཁྱེད་ཀྱི་ཡལ་ག་རེའི་སྟེང་དུ་བཅུ་ཕྲག་རིག་གནས་དཔར་མྱོང་། ད་དུང་ཁྱེད་ནི་གཏན་དུ་འགྱུར་བ་མེད་པའི་དུས་ཚོད་ཀྱི་བརྡ་རྟགས་ཆེན་པོ་ཞིག་ཡིན་ལ། མི་རྣམས་ཀྱིས་ཁྱེད་ཀྱི་རྣམ་པ་ལ་བལྟས་ནས་དུས་ཚིགས་བཞི་ངོས་འཛིན་པ་རེད། གང་ལྟར་ཁྱེད་ནི་མིའི་རིགས་ཀྱི་རྟོག་བཏགས་ཀྱི་བསམ་བློ་སྤྱད་ནས་འབྲི་མི་ཚར་བའི་སྙན་རྩོམ་རིང་མོ་ཞིག་དང་།ཤེས་རབ་ཀྱི་མིག་ཟུང་སྤྱད་ནས་བལྟས་མི་ཚར་གླེགས་བམ་མཐུག་པོ་ཞིག་ལགས།།


  • ལེ་ཚན་སྔོན་མ།:ལམ་ཕྲན།
  • ལེ་ཚན་རྗེས་མ།:དགུན་གྲང་ངར་གྱི་མདུང་ཁའི་རྩེ་ན།