ཟླ་བ་དེའི་ལ་གཞས།

རྔ་འོད།        2019-01-18

མཚན་མོའི་ལྷིང་འཇགས་གྱོན་དེ།

འཛུམ་དམུལ་དམུལ་གྱི་ཟླ་བའི་དཀྱིལ་འཁོར་ལ་བལྟས་ནས།

སྙིང་ལ་བབས་པའི་བུ་མོ་ཞིག་ལ་འཕྲིན་ཡིག་ཅིག་སྤྲིངས་མགོ་རྩོམ།


ངེད་གཉིས་ངོ་ཤེས་རྗེས་སུ།

ཁྱེད་རང་ནི་ངའི་སྐྱེ་བ་སྔོན་མའི་ཆུང་མ་ལ་འཁྲུལ་བ་བཞིན་དུ།

བདག་གི་ལྷད་མེད་ཀྱི་སྙིང་གཏམ་གྱི་སྦྲང་ཆར་དག

ཁྱེད་ཀྱི་བློ་ཡུལ་དུ་ཤག་ཤག་བཞུར།


ངེད་གཉིས་འཕྲད་རྗེས།

ཕྱི་རོལ་གྱི་ཆགས་འཇིག་ཅི་ཞིག་ཡོང་བ་ལ་ང་རང་མི་སྐྲག

རང་ཉིད་ཞེན་པའི་བུ་མོ་ཞིག་ལག་ནས་ཤོར་བར་སྐྲག

རིན་ཆེན་གྱི་རྒྱུ་ནོར་མང་པོ་ཞིག་ཐོབ་མིན་ལ་ང་རང་མི་དགའ།

རང་ཉིད་ལ་ཡིད་རྟོན་གྱི་མཚོ་མོ་འཁྱིལ་བའི་བུ་མོར་དགའ།

ཁྱེད་རང་ནི་སུབ་ཐབས་མེད་པའི་དྲན་གདུང་གི་ཟིན་བྲིས་ཡིན།


ཁྱེད་ཀྱི་ཉེ་བར་བཅར་ནས།

ངའི་ཡིད་ཀྱི་ལྷ་བྱ་ཁྲུང་ཁྲུང་དཀར་པོས།

ཚུལ་ཆོས་དང་བཅོས་མིན་སོགས་ཅི་ཡང་མེད་པར།

ནན་ཏན་ནང་ཁྱེད་ཀྱི་གདོང་ལ་བལྟས་ཏེ།

ང་རང་ཧ་ཅང་ཁྱེད་རང་ལ་དགའ་ཞེས་འགྱོད་མེད་ལབ་པ་དྲན་ནམ།

དེ་ནི་འཛམ་གླིང་ལ་དཀོན་པའི་མི་བུ་ཞིག་གི་བརྩེ་དུང་ཡིན།


ཁྱེད་ཀྱིས་ངེད་གཉིས་ཀྱི་བར་ལ་ལོ་ཆེ་ཆུང་འདུག་པས།

ང་རང་ཁྱེད་ཀྱི་བརྩེ་དུང་ལ་སྐྲག་ཟེར།

སྐད་ཆ་དེ་ནི་ངའི་སྒྲ་འཛིན་དུ་ཤི་བོ་ཞིག་ཐོས་པ་ལྟར།

སེམས་ཀྱི་རི་ལུང་དུ་མིག་ཆུ་ཡིས་ཆུ་ལོག་སྒྱུར།


ཁྱེད་ཀྱིས་སྐད་ཆ་ཅི་ཞིག་བཤད་ཀྱང་ཆོག

ཡིན་ནའང་ང་རང་ལ་མི་དགའ་ཞེས་ན་མི་ཆོག

རྒྱུ་མཚན་ཁྱེད་རང་ནི་ངའི་འཇིག་རྟེན་ལ་དཀོན་བའི་བུ་མོ་དེ་ཡིན།

ཁྱེད་རང་ཡོད་པས་ངའི་འཚོ་བར་མཛེས་སྡུག་གི་མེ་ཏོག་འཁྲུངས།

ཁྱེད་རང་ཡོད་པས་ངའི་མི་ཚེ་ལ་སྙན་ངག་འབྲི་བའི་གོམས་གཤིས་ལྡན།

ཁྱེད་རང་ཡོད་པས་ང་རང་ལ་ཁེར་རྐྱང་གི་ལམ་བུ་མེད།

ཁྱེད་རང་ནི་འབྱུང་འགྱུར་གྱི་ཉི་འོད་ཡིན།


མཚན་མོ་འདིར་ང་རང་གཅིག་པུར་དབང་བའི་རྩྭ་ཐང་དུ་བསྡད་ནས།

ཁྱེད་ཀྱི་ཕྱོགས་སུ་སྐྱོད་པའི་སྤྲིན་པ་ལ།

ཁོ་བོ་ནག་མོ་ཁོལ་དུ་སྤྲུལ་ནས།

ཧ་ཅང་གཏན་ཚིག་ཡོད་པའི་ལ་གཞས་ཀྱི་དབྱངས་རྟ་རེ་རེ་དཀྲོལ་ཏེ།

མཚན་མོའི་གཉིད་ཅེས་པའི་ཐ་སྙད་དེ་མེ་ལྕེ་ལ་སྦར།

སེམས་ཀྱི་འཁོར་ཡུག་ཀུན་ཏུ།

ཁྱེད་ཀྱི་དྲི་ཞིམ་གྱི་སྦྲང་རྩི་ཡང་ཡང་འཁོར་ནས་ནུབ་པར་མེད།


བུ་མོ་ལགས།

ཟླ་བ་འདིར་རྩྭ་ཐང་གི་ཡིད་དབང་བཅོམ་པའི་མེ་ཏོག་ཚོ།

ཨ་མྱེ་བཞིན་དུས་ཚོད་ཀྱི་རྒས་ཟིན།

ཡིན་ནའང་ངའི་སེམས་ཀྱི་རྩྭ་ཐང་དུ་མེ་ཏོག་རྐང་གཅིག་བཞད།

མེ་ཏོག་དེ་ལ་ལང་ཚོ་ཡི་གསོན་ཤུགས་མཆིས།

མེ་ཏོག་དེ་ལ་ཚེ་སྲོག་གི་གཅེས་སུ་ངེས།

ཁྱེད་རང་ནི་མེ་ཏོག་བཞིན་ངའི་སེམས་སུ་རྟག་ཏུ་དགའ་བར་སྒོམ།


ཉིན་གཅིག་གི་ངལ་དུབ་ཀྱི་རྗེས་སུ།

བསམ་གཞིགས་ཀྱི་རི་མོ་རེ་རེ་བྲིས་ཚེ།

ཁྱེད་རང་ལ་ཁ་པར་གཅིག་ཡང་བཏང་མེད་པར་དྲན་ཚེ།

དྲན་གདུང་གི་ན་ཟུག་དེ་ཁྱེད་ཀྱིས་མཁྱེན་ནམ།

དེ་ནི་འཇིག་རྟེན་ཞིག་ནུབ་པ་བཞིན་སྐྱོ་གདུང་གི་རྨ་ཁ་ལྗིད།


ཟླ་བ་དེའི་ལ་གཞས་ཁྱེད་རང་ཡིན་དོན།

དེ་ནི་བརྩེ་དུང་གི་ཉར་ཚགས་ཤིག་ཡིན་སྲིད།

ཟླ་བ་དེའི་ལ་གཞས་ཁྱེད་རང་ཡིན།

ཁྱེད་རང་ནི་ངའི་མི་ཚེ་གཏན་གྲོགས་ཡིན་པ་འདོད།


  • ལེ་ཚན་སྔོན་མ།:དར་མདོའི་མཚན་གཞས།
  • ལེ་ཚན་རྗེས་མ།:སྙིང་ཁར་བཞད་པའི་མེ་ཏོག