ལི་ཁེ་ཆང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ལ་མཇལ་འཕྲད་གནང་བ།

    མི་དམངས་དྲ་བ།    2019-01-17

ལི་ཁེ་ཆང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ལ་མཇལ་འཕྲད་གནང་བ།

ཟླ1ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ལ་མཇལ་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1ཚེས15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས15ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ལ་མཇལ་འཕྲད་གནང་བ་རེད།
     ལི་ཁེ་ཆང་གིས། ཀྲུང་གོ་དང་ཧྥིན་ལན་དབར་གྱི་འབྲེལ་བ་ནི་དུས་ཡུན་རིང་པོར་བརྟན་པོའི་ངང་འཕེལ་རྒྱས་བཟང་པོ་བྱུང་བ་རྒྱུན་འཁྱོངས་བྱས་ཡོད་ལ། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་དབར་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐུན་མོང་ཐོག་བཀོད་སྒྲིག་བྱས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་དང་མཉམ་དུ་མུ་མཐུད་ནས་འབད་བརྩོན་བྱས་ཏེ་ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གསར་པ་སྔར་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོ་དང་ཧྥིན་ལན་དབར་གྱི་འབྲེལ་བར་རྒྱུན་མི་ཆད་པར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད་ཅེས་གསུངས།  
     ལི་ཁེ་ཆང་གིས། ཀྲུང་ཧྥིན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ལག་རྩལ་སོགས་ཐད་ཀྱི་མཉམ་ལས་ཀྱིས་ལེགས་ཆ་གསབ་རེས་བྱས་ཡོད་པས་མདུན་ལམ་རྒྱ་ཆེན་པོ་ཡོད། ཀྲུང་གོར་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་པས། ཧྥིན་ལན་གྱི་ལག་རྩལ་གསར་གཏོད་ཀྱི་ཚོང་ལས་ཅན་ལ་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་འདོན་སྤྲོད་བྱེད་ཐུབ། ང་ཚོས་ཤེས་བྱའི་ཐོན་དངོས་བདག་དབང་ལ་ཤུགས་ཆེན་པོས་སྲུང་སྐྱོང་བྱ་རྒྱུ་ཡིན་ལ། འདི་ཀྲུང་གོ་རང་ཉིད་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་དགོས་མཁོ་དང་མཐུན་པ་མ་ཟད། སྔོན་ཐོན་ལག་རྩལ་དང་འདུ་ཤེས་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུར་ཡང་ཕན་པ་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་དངོས་ཟོག་དང་ཞབས་ཞུ། ལག་རྩལ་བཅས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་འདོད་ལ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ལྗང་མདོག་གོང་འཕེལ། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྔར་ལས་ལེགས་པའི་སྒོ་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས།
     ལི་ཁེ་ཆང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ལ། ཡོ་རོབ་མནའ་འབྲེལ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་བརྟན་ལྷིང་སྲུང་སྐྱོབ་བྱེད་པ་དང་རང་མོས་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད། ཡོ་རོབ་ཕྱོགས་དང་རེས་སྐོར་གསར་པའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་ཀྱི་ཞལ་འཛོམས་སྤེལ་ནས་ཕྱོགས་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སྐུལ་བར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ད་ལོའི་ལོ་སྨད་དུ་ཧྥིན་ལན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་མོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་ལ། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་དང་ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་དང་དར་རྒྱས་ཐད་ལ་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད།
     ཉི་ཉི་སི་ཐུའོ་ཡིས། ང་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས་རེ་རེར། ཀྲུང་གོའི་འཕེལ་རྒྱས་གསར་པ་མཐོང་ཐུབ། འདིས་ཧྥིན་ལན་དང་རྒྱལ་ཁབ་ཁག་ལ་གོ་སྐབས་བསྐྲུན་ཡོད་པ་རེད། ཀྲུང་གོ་ནི་ད་ལྟའི་འཛམ་གླིང་གི་སྟོབས་ཤུགས་བརྟན་པོ་ཞིག་ལ་འགྱུར་བཞིན་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཚོང་ར་ཆེན་པོར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། གནམ་གཤིས་འགྱུར་ལྡོག་དང་ལག་རྩལ་གསར་གཏོད། དྭངས་གཙང་ནུས་རྒྱུ་སོགས་ཐད་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། ཐུན་མོང་ཐོག་ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།
     རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་མཇལ་འཕྲད་ལ་ཞུགས་ཡོད།


  • ལེ་ཚན་སྔོན་མ།:སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བར་གྲུབ་འབྲས་སྔར་བས་ཆེན་པོ་ཐོབ་པར་ཐབས་འདོན་ཇུས་འབུལ་བྱས།
  • ལེ་ཚན་རྗེས་མ།:ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བ།
  • དོ་སྣང་ཆེ་བའི་རྩོམ།