ཤམ་བྷ་ལ་ཕྱག་ཕྲེང་།

ཡེ་ཤེས་ཀྱིས་བསྒྱུར།        2019-01-16

   གྲོང་ཁྱེར་ནི་ས་གནས་ཤིག་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་པས། ས་གནས་ཤིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་གནས་ཚུལ་དང་ཆུ་ཚད་མཚོན་པ་དང་། མི་ནི་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་དངོས་སུ་མྱོང་ཚོར་བྱེད་མཁན་དང་བདེན་དཔང་བྱེད་མཁན་ཡིན་ལ་ཕན་འབྲས་ཐོབ་མཁན་ཡང་ཡིན། དྲན་ཤེས་མེ་ལོང་ངོས་སུ་འདས་དོན་སྒྲུང་གཏམ་གྱི་སྣང་བརྙན་ཉར་ཞིང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ལོངས་སུ་སྤྱོད་པའི་ཚོར་བ་དྲག་ཏུ་མྱོང་། 


མཛེས་པའི་ཞིང་སྡེར་གསོན་ཤུགས་རབ་ཏུ་འབར།

   བོད་ཁང་དཀར་པོ་གཙང་པོའི་ངོགས་གཉིས་ཀྱི་ཞིང་རའི་མཐའ་སྐོར་དུ་ཁྲ་ཚོམ་མེར་གནས་པ་ནི། གཡུ་ཡི་མུ་ཏིག་ཆེན་པོ་ཞིག་ལ་ནོར་བུ་དཀར་པོས་ཕྲ་བཏབ་པ་བཞིན་ལྷིང་འཇགས་སེར་ཞི་ཆགས་གེར་འདུག ཤམ་བྷ་ལའི་མཛེས་ཉམས་འཕྲོག་པའི་དྭངས་གཙང་གི་གནས་མཆོག་སྟེ། སྐྱེ་བོ་ཡོད་དོ་ཅོག་གི་ཡིད་དབང་འཕྲོག་པའི་ཤམ་བྷ་ལ་ཕྱག་ཕྲེང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དེ་བོད་ཁུལ་གྱི་མཛེས་མཆོག་དུ་མའི་ཡ་གྱལ་ཅིག་ཏུ་གྱུར།

 

ཤམ་བྷ་ལ་ཕྱག་ཕྲེང་།

   འཕྲེད་གཞུང་སྣོལ་མར་གནས་པའི་ཁྲོམ་ལམ་གྱིས་ཐོག་བརྩེགས་ཁང་ཆེན་དེ་དག་སྦྲེལ་མཐུད་བྱེད་ཅིང་། ཚོན་མདོག་རྣམ་པ་བཀྲ་བའི་མེ་ཏོག་དང་རྨི་ལམ་གྱི་སྣང་ཚུལ་འདྲ་བའི་གྲོང་ཁྱེར་གྱི་མཚན་ལྗོངས་ཀྱིས་མི་ཚོའི་ཡིད་དབང་གཏིང་ནས་འཕྲོག  བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ40རིང་གི་འགྱུར་ལྡོག་ལ་ང་རང་གིས་བདེན་དཔང་བྱེད་ཆོག་ལ། དུས་རབས80པའི་ཕྱག་ཕྲེང་དུ་ཁྲོམ་ལམ་དག་རྙིང་རལ་དང་སྡོད་ཁང་ཕལ་ཆེར་སོ་ཕག་ལས་གྲུབ་པ་ཡིན་པས། ཐེབས་ཆག་གི་སྡོད་ཁང་མ་གཏོགས་སྡོད་ཁང་ཡག་པོ་གཅིག་ཀྱང་མེད་པ་རེད། རྫོང་ཟེར་བ་དེ་གྲོང་གསེབ་ལས་བལྟོས་བཅས་སུ་མི་ཅུང་མང་བའི་ས་གནས་ཀྱི་མིང་ཙམ་ལས་མེད། ཅེས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྡོ་རྗེ་དགའ་སྤྲོའི་ངང་ཕྱག་ཕྲེང་གི་ཚོན་མདངས་རྣམ་པར་བཀྲ་བའི་མཚན་མོའི་ཁྲོམ་ལམ་དུ་འགྲོ་ཞོར་སྤོབས་པ་སྐྱེད་པའི་སྒོས་དེ་ལྟར་བཤད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བྱེད་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་ལས་ཀར་སྐུལ་འདེད་གཏོང་བའི་ཁྲོད། སྡོད་ཁང་གི་ཕྱི་ཚུལ་རྣམ་པ་སྟབས་བདེ་བབ་ཆགས་དང་ནང་མཁོ་སྒྲིག་ཆས་རྐོས་མ་ཡིན་པར་མ་ཟད། ད་དུང་གནའ་བོའི་ཉམས་དང་ལྡན་པའི་སྤུས་ལེགས་ཀྱི་སྡོད་ཁང་དཀར་པོ་དེ་དག་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་སོགས་ས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་དང་ཤམ་བྷ་ལ་ཆེན་པོའི་ཡུལ་སྐོར་ལམ་ཐིག་གི་ལྟེ་གནས་ས་ཁུལ་གྱི་མཛེས་སྡུག་ཡུལ་ལྗོངས་སུ་གྱུར་པ་རེད། 

   ལོ་ངོ40རིང་ཕྱག་ཕྲེང་རྫོང་གི་མཆོར་ཉམས་ལྡན་པའི་འགྱུར་ལྡོག་མངོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚུགས་ཚུན་ཕྱག་ཕྲེང་རྫོང་གིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་གྲོང་ཡུལ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་གཙོ་བོར་བཟུང་ནས། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་འདྲ་བའི་ཡུལ་གྲོང་དང་ཡུལ་གྲོང་འདྲ་བའི་རྫོང་སྟེ་ཡུལ་སྐོར་བྱེད་སའི་རྫོང་སྤུས་དག་བསྐྲུན་པ་དང་། གནས་མཆོག་དཀར་མཛེས། མཛེས་ཆེན་ཕྱག་ཕྲེང་ཞེས་པའི་ཟོང་བཏགས་གྲགས་ཅན་བསྐྲུན་པ་རེད། ཞིང་རའི་བོད་ཁང་དཀར་པོ་དང་། དྭངས་གཙང་ཤམ་བྷ་ལ་ཞེས་པའི་ཡུལ་སྐོར་གྱི་ཟོང་བཏགས་གྲགས་ཅན་མི་ཤེས་མཁན་མེད་ལ། རྫོང་ཁོངས་ཀྱི་གངས་རི་དང་། མཚེའུ། ནགས་ཚལ། ས་ཞིང་སོགས་ལ་ཚད་ཆེ་ཤོས་ཀྱི་ཐོག་ནས་སྲུང་སྐྱོང་ཡག་པོ་བྱས་པ་དང་། རྫོང་ཡོངས་ཀྱི་བཟོ་བཀོད་དང་། ཐང་ག  གླུ་གར། གོས་རྒྱན། འཇིམ་བཟོ་དང་ཤིང་བརྐོས་སོགས་རིག་གནས་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་སྲུང་འཛིན་བྱས་ཏེ་གསོན་ཤུགས་གསར་པ་བསྣན། ཕྱི་ཚུལ་གྱི་རྣམ་པར་ཁྱད་ཆོས་ཅན་དང་སྲོལ་རྒྱུན་ཅན་དུ་འགྱུར་བ་དང་། ནང་མཁོ་སྒྲིག་སྦྱོར་དང་བྱེད་ནུས་དེང་རབས་ཅན་དང་སྤྱོད་གོ་ཆོད་པའི་རང་བཞིན་ལྡན་པ། ཞབས་ཞུ་དང་མྱོང་རོལ་ཚད་ལྡན་ཅན་དང་བདེ་སྐྱིད་བག་ཕེབས་ཅན་དུ་འགྱུར་བའི་རྩ་དོན་ལྟར་བོད་ཁང་དཀར་པོར་སྲུང་སྐྱོང་དང་གསར་སྤེལ་མཉམ་དུ་བྱས།


ཤམ་བྷ་ལ་ཕྱག་ཕྲེང་།


   སྐོར་ལམ་གཅིག་དང་ས་ཁུལ་གསུམ། ལྗོངས་ཁུལ་གསུམ་བཅས་ལྟེ་བར་བྱས་ནས། གྲོང་ཡུལ་གྱི་ཡུལ་སྐོར་ཐོན་རྫས་དང་དམིགས་བསལ་ཡུལ་སྐོར་ཐོན་རྫས་གསར་སྐྲུན་བྱེད་པའི་དུས་རིམ་འབྲིང་ཐུང་གི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་གྱི་འཆར་འགོད་གསར་དུ་བཟོས་པ་རེད། ངལ་གསོ་གྲོང་རྡལ་དང་ཕྲེང་སྟོད་གྲོང་རྡལ། རག་ཝ་ཤང་བཅས་གཙོས་པའི་བོད་ཀྱི་ཞིང་རའི་ཡུལ་ལྗོངས་དང་སྤྲོ་གསེང་མལ་གསོ། ལུས་གསོ་ཁམས་སངས། ཡུལ་སྐོར་མྱོང་རོལ་བཅས་ཡུལ་སྐོར་ཐོན་རྫས་དང་འབྲེལ་བའི་ཡུལ་སྐོར་བྱེད་ཡུལ་གསར་དུ་འཛུགས་ཤིང་། ཕྲ་ཕྲེང་ལུང་པ་དང་མཚོ་སྤུན་བདུན། ཉེ་སྟེང་གྲོག་རོང་བཅས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་ཡག་ཅིང་གསར་སྦོལ་དང་གཏོར་བཤིག་ཐེབས་མེད་པའི་དགེ་མཚན་བེད་སྤྱོད་བཏང་ནས། རི་ཀླུང་ཡུལ་སྐོར་དང་རྐང་ཐང་དུ་འགྲོ་བ། གངས་རིའི་ཁྲོད་ཏུ་མྱུལ་དཔྱད་བྱེད་པ། བྱེས་སུ་སྒར་བརྒྱབ་པ་སོགས་དམིགས་བསལ་གྱི་ཡུལ་སྐོར་ལས་གཞི་ཆེ་འབྲིང་གསར་སྦོལ་བྱས། 2020ལོའི་སྔོན་དུ་ཕྲེང་སྟོད་དང་ཕྲེང་སྨད། རག་ཝ་བཅས་ཤང་དང་གྲོང་རྡལ་གསུམ་པོ་དེ་བོད་པའི་ཞིང་སྡེའི་ཁྱད་ཆོས་ལྡན་པའི་སྤྲོ་གསེང་ཡུལ་སྐོར་ལྗོངས་ཁུལ་དུ་བསྐྲུན་གང་ཐུབ་བྱ་རྒྱུ་རེད།

   ལོ་ཟླ་ཆུ་རྒྱུན་རིང་མོའི་ཁྲོད་ཕུགས་འདུན་སེམས་སུ་བཅངས་ནས་མདུན་དུ་སྐྱོད། 2017ལོར་ཕྱག་ཕྲེང་རྫོང་གིས་ཞིང་ལས་དང་འབྲེལ་བའི་བསྡུ་སྒྲིལ་མ་དངུལ་སྒོར་ཁྲི9129དང་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་ཁྲི2848བཀོད་སྒྲིག་བྱས་ནས་གྲོང་བགྲོད་གཞུང་ལམ་སྤྱི་ལེ325དང་བདེ་སྲུང་སྒྲིག་བཀོད་འཛུགས་སྐྲུན་སྤྱི་ལེ53གྲུབ་ཡོད་ཅིང་། ཤང་བགྲོད་གཞུང་ལམ་དང་གྲོང་བགྲོད་གཞུང་ལམ་ཤར་གཏོང་བྱས་ནས་ཁུལ་ཡོངས་སུ་བརྒྱ་ཆ་བརྒྱའི་གྲངས་གསུམ་ཐོག་མར་མངོན་འགྱུར་བྱུང་ཡོད་ལ་འོད་དྲྭ་དང4Gཆ་འཕྲིན་སོགས་གྲོང་སྡེ་ཡོངས་སུ་ཁྱབ་པ་དེའང་ཁུལ་ཡོངས་སུ་ཐོག་མར་མངོན་འགྱུར་བྱུང་ཡོད། གྲོང་སྡེའི་ཆེད་ལས་མཉམ་སྡེབ19འཕེལ་རྒྱས་བཏང་ནས་བསྡོམས་གྲངས81ལ་བསླེབས་ཡོད་པས་དབུལ་ཕོངས་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་ཞིག་བཏོད་ཡོད།

   ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་བཅུ་མེད་པར་གཏོང་བ་དང་བཞི་ཁ་གསབ་བྱེད་པའི་ལས་ཀ་ཁག་དོན་འཁྱོལ་བྱས་ནས་མི541ལ་འཕྲོད་བསྟེན་ཐེབས་རྩའི་ཁ་གསབ་རོགས་དངུལ་སྤྲད་ཡོད་ལ་མི356ལ་སློབ་གསོའི་དབུལ་སྐྱོར་གྱི་ཐེབས་རྩ་འི་རོགས་དངུལ་སྤྲད་ཡོད། དེ་མིན་དངུལ་རྩའི་ཡིད་རྟོན་དངུལ་བུན་སྒོར་ཁྲི1414བཏང་ནས་དབུལ་ཕོངས་མི་གྲངས441ལས་ཞུགས་གཞན་སྒྱུར་བྱས་ཡོད།


ཤམ་བྷ་ལ་ཕྱག་ཕྲེང་།


   རོགས་སྐྱོར་རྣམ་གྲངས26དེས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ཐད་དགེ་མཚན་དང་ནུས་པ་ཆེན་པོ་བཏོན་ཡོད་ཅིང་། མཛེས་སྡུག་ལྡན་པའི་གྲོང་གསར12བསྐྲུན་ཡོད་པ་དང་དུད་ཚང737གྱི་ར་བ་བསྒྱུར་བཀོད་བྱས་ཡོད། མཁས་སྨད་སོགས་གྲོང་སྡེ5ལ་ཞིང་ཆེན་རིམ་པའི་ལྗོངས་རྒྱུའི་དབུལ་སྐྱོར་དཔེ་སྟོན་གྲོང་སྡེ་བཙུགས་ནས་དབུལ་ཕོངས་གྲོང་སྡེ9དང་དུད་ཚང424  མི་གྲངས2301གི་དབུལ་ཐར་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ཡོད་ལ་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་དེ2016ལོར་ཞིང་ཆེན་ཡོངས་སུ་སྔོན་ཐོན་རྫོང་དུ་བདམས་ཡོད། དམངས་འཚོའི་ལས་གྲྭ་ཁག་བཅུ་དང་དམངས་འཚོའི་དངོས་ཡོད་ལས་དོན་ཁག20དོན་འཁྱོལ་ཡོང་བར་བྱས་ནས་གྲོང་སྡེ་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་བཀོད་སྤྱོད་ཆོག་པའི་སྒོར10497ལ་བསླེབས་ཡོད། ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ14.5འཕར་ཡོད།

   གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་ཀྱི་བཀོད་སྤྱོད་ཆོག་པའི་ཡོང་འབབ་སྒོར28663ལ་བསླེབས་ཡོད་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ10.39འཕར་ཡོད། གྲོང་སྟོད་གྲོང་སྡེ་དེ་རྒྱལ་ཡོངས་ཀྱི་སྐབས་ལྔ་པའི་དཔལ་ཡོན་གྲོང་སྡེ་དང2017ལོའི་སི་ཁྲོན་གྱི་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་སྡེ་ཆེན་པོ་བཅུའི་ཁོངས་སུ་བཞག་ཡོད།

   ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི5195བསླེབས་ཡོད་པས་ད་ལོར་དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་རྒྱུ་ཡིན་པ་རེད།

   ལོ་ངོ40ཡི་རིང་ལ་དམངས་སེམས་གཅིག་མཐུན་བྱས།ལོ་ངོ40ཡི་རིང་ལ་འབད་བརྩོན་ལྷོད་མེད་བྱས།ལོ་ངོ40ཡི་རིང་ལ་དཔྱིད་རླུང་དལ་གྱིས་ལྡང་བས་ན་དབུལ་ཐར་འགག་སྒྲོལ་དང་དམངས་ཕྱུག་ཐོན་ལས།འགྲིམ་འགྲུལ་སྔོན་སྐྱོད། གྲོང་ཁྱེར་དང་གྲོང་སྡེ་དར་རྒྱས་བཅས་བཏང་ནས་ཞིང་པའི་བུ་དང་བུ་མོ་ཚོ་སྤྲོ་སེམས་ཆེན་པོས་འབྱོར་འབྲིང་གི་ལམ་བུར་སྐྱོད་བཞིན་མཆིས།


བསྟན་འཛིན་ཡེ་ཤེས་ཀྱིས་འཕོ་འགྱུར་བྱུང་ཚུལ་གླེང་བ།

   ཕྱག་ཕྲེང་རྫོང་གི་ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་རྒོན་བསྟན་འཛིན་ཡེ་ཤེས་ཀྱིས་ང་ནི་སྤྱི་ཚོགས་རྙིང་པའི་དུས་སུ་སྐྱེས་པ་དང་དར་དམར་འོག་ལ་འཚར་ལོངས་བྱུང་བའི་མི་ཞིག་ཡིན། དམག་མི་བྱས་མྱོང་ཞིང་། རིག་གནས་གསར་བརྗེ་ཆེན་པོ་དང་མི་བཞི་ཤོག་ཁག་རྩ་མེད་བཟོ་བ། རྙོག་ཟིང་འཇགས་བཅོས་བཅས་ཀྱི་ལོ་རྒྱུས་དུས་རིམ་བརྒྱུད་མྱོང་ལ། བཅོས་བསྒྱུར་སྒོ་འབྱེད་དང་དབུལ་སྐྱོར་གནད་སྨིན་བྱས་ཏེ་གྲུབ་འབྲས་ལེགས་པོ་ཐོབ་པ་ཡང་མིག་མཐོང་ལག་ཟིན་བྱས་ཡོད།  ཕྱག་ཕྲེང་མི་དམངས་ཀྱི་འཚོ་བ་ཧ་ཅང་སྐྱིད་པོ་རོལ་ཐུབ་པ་མངོན་སུམ་མཐོང་བྱུང་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་སྐད་ཆ་དེ་ལྟར་བཤད་པ་རེད།


ཤམ་བྷ་ལ་ཕྱག་ཕྲེང་།


 བསྟན་འཛིན་ཡེ་ཤེས་ནི1973ལོར་ལས་ཀར་ཞུགས་ཡོད། དེ་དུས་ཕྱག་ཕྲེང་ནས་དར་མདོར་འགྲོ་དུས་ལམ་བར་འདབ་པ་རྫོང་གི་གསུམ་འདུས་ཤང་དང་། ལི་ཐང་རྫོང་། ཉག་ཆུ་རྫོང་བཅས་ལ་ཞག་སྡོད་བྱ་དགོས་པ་དང་ཉིན5འགོར་རྗེས་གཞི་ནས་དར་མདོར་སླེབས་ཐུབ་པ་རེད། ཁྲེང་ཏུའུ་ལ་འགྲོ་བསམ་ན་ཡང་གཟའ་འཁོར་གཅིག་གི་དུས་ཚོད་དགོས་ཀྱི་རེད། འབྲོག་རར་འཚོ་གནས་བྱེད་པའི་འབྲོག་པ་མང་པོས་རླངས་འཁོར་ཡང་མཐོང་མ་མྱོང་བ་རེད། ཉེ་བའི་ལོ་ཤས་རིང་རྫོང་དང་ཁུལ་ལ་འགྲོ་བའི་བགྲོད་ལམ་ཤར་གཏོང་ཐུབ་རྗེས་ཕྱག་ཕྲེང་ནས་དར་མདོའི་བར་ཉིན་གཅིག་གི་དུས་ཚོད་ནང་འགྲོ་ཐུབ་པ་དང་། ཉི་སྟེན་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྗེས་ཕྱག་ཕྲེང་ནས་ཁྲེང་ཏུའུ་བར་ཆུ་ཚོད་གསུམ་ལྷག་ལས་མི་དགོས་པ་རེད། གྲོང་བགྲོད་དང་དུད་ཚང་སྦྲེལ་བའི་ལམ་བུ་ལས་པ་དེ་ཞིང་འབྲོག་དམངས་ལ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་གསེར་ཟམ་ཞིག་བཙུགས་ཡོད།

 དཀའ་ཚེགས་ཆེ་བའི་ལོ་རབས་སུ་ལས་བྱེད་པ་ཚོས་ཞིང་ཆས་གྲ་སྒྲིག་བྱས་ཏེ་ཞིང་པ་དང་མཉམ་དུ་ལས་ཀ་ལས་སར་འགྲོ་དགོས།1982ལོར་བསྟན་འཛིན་ཡེ་ཤེས་ཀྱིས་རག་ཝ་ཀུང་ཧྲེའི་ཧྲུའུ་ཅིའི་འགན་ཁུར་བའི་དུས་སུ་ས་ཞིང་དུད་ཚང་ལ་བགོ་བ་དང་ཕྱུགས་ཟོག་ཚང་མ་དངུལ་ལ་འབེབས་ཏེ་དུད་ཚང་ལ་བགོ་བཤའ་བྱེད་པའི་ལས་ཀ་སྤེལ་ཡོད། ངའི་ཁྱིམ་ནི་ཕྲེང་སྟོད་གྲོང་རྡལ་འབུར་ལུང་གོང་གྲོང་ཚོར་གནས་ཡོད། ཁྱིམ་མིར་ས་ཞིང་མུའུ6བགོ་རྒྱུ་རག་པ་དང་། ལོ་གཅིག་འབད་བརྩོན་བྱས་པར་བརྒྱུད་མུའུ་རེར་གྲོ་རྒྱ་མ1000དང་། མ་རྨོས་ལོ་ཏོག་རྒྱ་མ800ཙམ་ཐོན་པ་རེད། མཉམ་འབྲེལ་ཆེན་པོ་ཡིན་པའི་དུས་སུ་གྲོ་དང་མ་རྨོས་ལོ་ཏོག་བསྡོམས་ན་ཡང་རྒྱ་མ1200ཙམ་ལས་ཐོན་མི་ཐུབ། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་དུས་འགོར་དང་འཆར་ལྡན་དཔལ་འབྱོར་གྱི་དུས་རབས་སུ་ངར་རས་འཛིན་ཁྲི་ཙེ7ལས་མེད། ཁྲི་ཙེ6གིས་གོས་གསར་པ་དྲུབ་པ་དང་ཁྲི་ཙེ་གཅིག་ལྷན་པ་རྒྱག་ས་གཞག་དགོས་པ་རེད། དེ་དུས་གོས་གསར་པ་ལོ་གསུམ་གྱོན། རྙིང་པར་གྱུར་ཚེ་ལོ་གསུམ་གྱོན། ལྷན་པ་བརྒྱབ་སྟེ་ཡང་ལོ་གསུམ་གྱོན་ཞེས་པའི་བཤད་པ་དེ་ནི་དུས་རབས་དེའི་འཚོ་བ་རོལ་སྟངས་ངོ་མ་རེད་ཅེས་བསྟན་འཛིན་ཡེ་ཤེས་ཀྱིས་དེ་ལྟར་བཤད་པ་རེད།

ལོ་རབས80པའི་དུས་དཀྱིལ་དུ་སླེབས་དུས་ཆུ་ཚོད་དང་། རྐང་འཁོར། གོས་འཚེམ་འཕྲུལ་ཆས། སྒྲ་སྡུད་འཕྲུལ་ཆས་བཅས་བསྐོར་ཆོག་པ་གསུམ་དང་སྐད་གྲག་པ་གཅིག་གི་གློག་ཆས་ཡོད་ན་དུད་ཚང་ཕྱུག་པོར་བརྩི་དགོས་རེད། ས་ཞིང་འགན་གཙང་ལེན་བྱས་རྗེས་དུད་ཚང་ཡོད་ཚད་ཀྱིས་མཛོ་ཡིས་ས་ཞིང་རྨོས་ཏེ་ཟླ་བ་གཉིས་ལྷག་གི་རིང་ལ་ཉི་སྐམ་ཆར་སྦང་མྱོང་དགོས་མོད། གྲོང་མི་ཚོས་ཞིང་ནང་དཀའ་སྤྱད་ཀྱིས་ངལ་རྩོལ་བྱས་ཏེ་ལོ་ལེགས་ཐོབ་པའི་རེ་འདུན་བཅངས་པ་རེད།

 དུས་རབས་གསར་པར་སླེབས་དུས་ཞིང་པས་གཞུང་འབྲུ་འབུལ་མི་དགོས་པར་མ་ཟད་ཞིང་ལས་དཔྱ་ཁྲལ་ཡང་འཇལ་མི་དགོས་པ་རེད། རྨོད་བསྐྱུར་ནགས་གསོའི་ཁ་གསབ་དང་། འབྲུ་རིགས་འདེབས་པར་ཁ་གསབ་རོགས་དངུལ་ཐད་སྤྲོད། སྨན་བཅོས་ཉེན་སྐྱོབ་སོགས་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་བས་མི་སེར་ཚོར་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁེ་ཕན་ལོངས་སུ་སྤྱོད་བཅུག་ཡོད། ཞིང་ལས་ཐོན་སྐྱེད་དེ་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱས་སྟབས། སྔོན་མ་ཟླ་བ2ལྷག་གི་དུས་ཚོད་སྤྱད་ནས་ལས་དགོས་པའི་ཞིང་ལས་དེ་ད་ལྟ་ཉིན་ཁ་ཤས་ཀྱང་མི་དགོས་པ་རེད། མཛོ་ཡིས་ཞིང་རྨོད་པ་དེ་མི་རབས་ཤིག་གི་དྲན་ཤེས་ཀྱི་ཡུལ་དུ་གྱུར། ད་ལྟར་ཞིང་ལས་དལ་ཁོམ་དུས་སུ་ཕྲེང་སྟོད་གྲོང་རྡལ་གྱི་གྲོང་མི་རང་མོས་ཀྱིས་སྒྲིག་འཛུགས་བྱས་ཏེ་ཡུན་ནན་ཟངས་གཏེར་ལས་གྲྭར་གླ་པ་འགྲོ་བ་དང་རྫོང་མཁར་དང་ཞིང་སྡེར་ལས་ཀ་འགན་ལེན་དང་ཁང་པ་སྐྲུན་ས་འགྲོ་བ་རེད་ཅེས་བསྟན་འཛིན་ཡེ་ཤེས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་ནས་སྐད་ཆ་དེ་ལྟར་བཤད།


ཤམ་བྷ་ལ་ཕྱག་ཕྲེང་།


   དུས་སྟོན་གྱི་དུས་བཟང་དུ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་དཔེ་ཆ་ཀློག་སྒྲ་ལྷང་ལྷང་གྲགས་འདུག སྔོན་མར་ང་དང་ཤང་གི་ལས་བྱེད་པ་མཉམ་དུ་ཁྱིམ་ཚང་རེ་རེར་འགྲོ་ནས་དེ་ཚོར་བྱིས་པ་སློང་གྲྭར་མངག་པའི་སྐུལ་སློང་བྱ་དགོས་པ་རེད། ད་ལྟ་གྲོང་ཚོ་དང་འབྲོག་ཁུལ་གྱི་ཁྱིམ་བདག་ཚོས་རྫོང་དུ་ཁང་པ་གླས་ནས་ལས་མི་བྱས་ཏེ་བྱིས་པ་རྫོང་གི་སློབ་གྲྭར་སློབ་སྦྱོང་བྱེད་བཅུག་པ་རེད། 2012ལོ་ནས་བཟུང་ཕྱག་ཕྲེང་རྫོང་གིས་སློབ་གསོ་རྫོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། གྲོང་གསེབ་ཏུ་སློབ་ཆུང་དང་བྱིས་སློབ་ཁང་བཙུགས་ཡོད་པར་མ་ཟད། སློབ་གྲྭར་ཞག་སྡོད་བྱེད་པའི་སློབ་མ་ཚོའི་ཉིན་རེའི་ལྟོ་ཐུན་གསུམ་ལ་རིན་པ་མི་དགོས་པ་རེད། སློབ་གྲྭའི་སློབ་ཁང་ནི་གྲོང་གསེབ་ཁྲོད་དུ་ཨར་རྒྱག་ཆེས་ཡག་ཤོས་ཡིན་པ་དང་། ཕྱག་ཕྲེང་རྫོང་གིས་རྫོང་དང་གྲོང་གསེབ་བར་གྱི་སྤུས་ལེགས་ཀྱི་སློབ་གསོ་ཐོན་ཁུངས་མཉམ་དུ་སྤྱོད་བཅུག་སྟེ་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཆུང་དུ་གཏོང་བ་དང་། ཕྲུ་གུ་ཚང་མར་འདྲ་མཉམ་ངང་སྤུས་ཚད་ལྡན་པའི་སློབ་གསོ་དང་ལེན་བྱེད་དུ་བཅུག་ཡོད། ཞིང་འབྲོག་མི་དམངས་ཀྱིས་སློབ་གསོ་ལ་ཁས་ལེན་པ་དང་བློར་འབབ་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་པས། བྱིས་པ་སློབ་གྲྭར་བསྐྱལ་རྒྱུའི་ཧུར་བརྩོན་རང་བཞིན་ཧ་ཅང་ཆེན་པོ་ཡིན་པ་རེད།

   ཕ་ཡུལ་གྱི་ས་ཞིང་དང་ལྡུམ་ར་མཛེས་ལྗོངས་སུ་གྱུར་ནས་གྲོང་མིའི་ཡོབ་འབབ་ལོ་རེ་ལས་ལོ་རེར་ཇེ་ལེགས་བྱུང་ཡོད། འདབ་པ་ནས་ནང་འདྲེན་བྱེད་པའི་སྤུས་དག་གི་ཞོག་ཁོག་རྒྱ་མ་གང་ལ་རིན་གོང་ཆེས་མཐོ་ཤོས་སྒོར4བཙོངས་ཐུབ་པ་རེད། གཞུང་ལམ་ནི་དུད་ཚང་ཡོད་ཚོད་ཀྱི་སྒོ་ཁར་ལས་ཡོད་ཅིང། གྲོང་ཚོའི་ནང་དུད་ཚང20ཡིས་རླངས་འཁོར་ཆུང་ཆུང་ཉོས་ཡོད། ལོ་འཁོར་གྱི་ཡོང་འབབ་སྒོར་ཁྲི10ལྷག་ཟིན་པའི་ཞིང་པ་ཡང་མང་པོ་ཡོད་ཅེས་བསྟན་འཛིན་ཡེ་ཤེས་ཀྱིས་སྤོབས་པ་ཆེན་པོའི་ངང་ནས་དེ་ལྟར་བཤད།


རི་མགོ་ནས་ཁྱིམ་གཞིས་གསར་པར་སྤོས་པའི་དྲན་གསོ་དུམ་བུ།

   དགུན་སྟོད་ཀྱི་ཉི་འོད་ཁྲོད་དུ། ཕྱག་ཕྲེང་རྫོང་གདོང་གསུམ་ཤང་མུ་མིན་གྲོང་སྡེ་ནི་བྱིན་ཆགས་ཤིང་འཇམ་ཐིང་ངེར་རེད། བསྟན་འཛིན་དང་ཁྱོ་མོ་གཉིས་ཀྱིས་ལྷས་རའི་ནང་ར་གསོ་ཚགས་བྱེད་བཞིན་ཤ་ཤེད་རྒྱས་པའི་རྣམ་པ་མཐོང་དུ་གདོང་ངོས་སུ་སྤྲོ་ཉམས་ཀྱིས་ཁེངས། ཆུ་རྡོ་སྒོང་གཟུགས་མ་བཏིང་པའི་ཡངས་ཤིང་གཙང་བའི་ར་བའི་ཕྱོགས་བཞིར་མེ་ཏོག་སྣ་ཚོགས་བཞད་ནས་མཛེས་ཉམས་བསྟན། ཟུར་དུ་བཀོད་སྒྲིག་བྱས་པའི་གཙང་སྤྱོད་ཁང་དང་ཇ་ཁང་ནང་གོས་འཁྲུད་འཕྲུལ་ཆས་དང་འཁྱག་སྒམ་ལ་སོགས་པ་དེང་རབས་ཀྱི་འཚོ་བའི་སྤྱོད་ཆས་མ་ལུས་ཀུན་འདུས་རེད། སྨྱུག་འཛིན་པ་མགྲོན་པོའི་ཚུལ་གྱིས་བསྟན་འཛིན་ཚང་གི་སྣེ་ལེན་སྡོད་ཁང་དུ་འགྲོ་དུས་མིག་ལམ་དུ་མངོན་པ་ནི་དབྱིན་ཚོན55ཅན་གྱི་གཤེར་ཤེལ་བརྙན་འཕྲིན་དང་། མཛེས་ཤིང་བཀོད་པ་ལེགས་པའི་དེང་རབས་ཀྱི་ཕོར་སྒམ་ནང་གི་འཚོ་བའི་ཡོ་བྱད་འདྲ་མིན་སྣ་ཚོགས། བོད་ལུགས་ཀྱི་མདུན་ཅོག་ཐོག་བཤམས་པའི་ཤིང་ཏོག་དང་བཏང་བྱ་གྱ་ནོམ་པའི་རྣམ་པ་དེ་རེད།


ཤམ་བྷ་ལ་ཕྱག་ཕྲེང་།


   ངེད་ཚང་གི་མི་རབས་ནས་མི་རབས་བར་དུ་རི་མཐོན་པའི་ཐོག་འཚོ་གནས་བྱ་དགོས་པས་གནམ་ལ་རེག་ཐུབ་པའི་གྲོང་སྡེ་ཟེར་ནའང་ཆོག་གིན་རེད་ཅེས་བསྟན་འཛིན་གྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་སྨྱུག་འཛིན་པར་དེ་ལྟར་བཤད། ལོ་ན55ལ་སོན་པའི་བསྟན་འཛིན་ཞེང་ཚད་སྨི4.5ཡོད་པའི་ཨར་འདམ་གཞུང་ལམ་དུ་མྱུག་འཛིན་པ་དང་ཁ་བརྡ་ལབ་ཞོར་དུ་འགྲོ་དུས། སྔོན་ཆད་ཀྱི་དཀའ་སྡུག་བསྟན་འཛིན་གྱིས་དྲན་གསོའི་ཡུལ་དུ་དྲངས་ནས་སྨྱུག་འཛིན་པར་ངོ་སྤྲོད་བྱས་དོན། ངའི་སྐྱེས་ས་སྐྱེས་ཡུལ་ངོ་མ་ནི་རྭ་རྟགས་ཤང་རྭ་རྟགས་གྲོང་སྡེའི་ནང་ཡིན་ཞིང་། ཚེར་སྡོང་ཚང་ཚིང་གི་ཁྲོད་དུ་བརྒྱུད་པའི་ལམ་ཕྲང་ཕྱི་རོལ་ཡུལ་དུ་འགྲོ་ས་ཉག་ཅིག་ཡིན་ལེ་རེད། དེའི་སྐབས་སུ་རི་འདབས་ལ་ཐེངས་གཅིག་འགྲོ་དགོས་ན་མ་མཐའ་ཡང་ཆུ་ཚོད5ཙམ་འགོར། དུད་ཚང་ཐམས་ཅད་ཀྱིས་ཞོག་ཁོག་ལ་སོགས་པའི་ཡུལ་ཐོན་ཁྱད་རྫས་རྟ་ལ་བཀལ་ནས་རི་འདབས་སུ་འཚོང་སར་ཕྱིན་ནས་ལོ་གཅིག་ལ་དཀའ་ལས་བརྒྱབ་ནའང་ཡོང་འབབ་སྒོར2000མ་གཏོགས་རག་ལེ་མ་རེད། དངུལ་ཕྲན་བུ་འདིས་ཇ་དང་ཚྭ། གསལ་སྒྲོན་བྱེད་སའི་རྡོ་སྣུམ་ཙམ་ཉོས་རྗེས། གོས་གསར་པ་ཞིག་ཉོ་ནའང་ལོ་གཉིས་གསུམ་ལ་གོ་ཆོད་པ་བྱེད་དགོས་རེད། ལོ་གཅིག་གི་དགུན་ཁའི་མཚན་མོ་ཞིག་ལ་གྲོང་སྡེའི་མི་རྒན་ཞིག་ལ་ནད་ཚབས་ཆེན་ཞིག་ཕོག་སྟེ་ཁྱིམ་མི་ཚོས་སེམས་འཚབ་ནས་མེ་འབར་བ་ནང་བཞིན་ཡིན་པའི་སྐབས་སུ། གྲོང་དམངས་ཚོས་གསོམ་ཤིང་མེ་སྒྲོན་སྤར་ནས་ཆུ་ཚོད5ཙམ་རིང་ལ་ནད་པ་འགྱོགས་བྱམས་བྱས་ཏེ་རྫོང་གི་སྨན་ཁང་དུ་བསྐྱལ།དེ་འདྲའི་དཀའ་སྡུག་མྱོང་དགོས་ཐུག་པ་ནི་འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་རེད། རི་མཐོ་སར་ཆགས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས་བུ་རྒྱུད་སློབ་གྲྭར་བསྐྱལ་དགོས་ནའང་མིས་བསམ་སར་རྟ་འགྲོ་ཁ་ཉན་དཀའ་མོ་རེད་ཟེར་བའི་དཔེ་ལྟར། གྲོང་སྡེའི་ནང་གི་བྱིས་པ་ཚོས་སློབ་གསོ་དང་ལེན་བྱེད་ཐབས་བྲལ་རེད།

   དེང་སང་གོང་རིམ་གྱི་སྲིད་ཇུས་བཟང་པོའི་འོག་ཏུ་ང་ཚོ་མཐའ་འཁོབ་ཏུ་གནས་པའི་གྲོང་སྡེ་དག་གནས་སྤོས་དབུལ་སྐྱོར་བྱས་ནས་བདེ་སྐྱིད་འཛོམས་པའི་འབྱོར་འབྲིང་གི་ཕྱོགས་སུ་གོམ་སྟབས་བསྒྱུར་དང་སྒྱུར་བཞིན་ཡོད།སྔོ་ཆད་ཀྱི་དཀའ་སྡུག་ནི་རང་གིས་དྲན་གསོ་བྱ་ཡུལ་དང་ལོ་རྒྱུས་ཀྱི་ཟིན་ཐོ་རུ་གྱུར་པ་རེད།

   གྲོད་ཁོག་མི་འགྲངས་པའི་ལོ་རབས་ཀྱི་མཇུག་བསྒྲིལ་སོང་ཞེས་བསྟན་འཛིན་གྱིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད་ཅིང་། 2002ལོར་བོད་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པ་དང་བསྟུན་ནས། འཚོ་སྡོད་ཆ་རྐྱེན་མི་འཛོམས་པའི་ལ་ཁའི་གྲོང་མི་གནས་སྤོ་བྱེད་དུ་བཅུག་པ་རེད། བསྟན་འཛིན་ཡོད་སའི་ཆུ་བཟང་སྒང་དང་ཐང་ཉལ་སོགས་མཚོ་འཕགས་མཐོ་བའི་སྲིད་འཛིན་གྲོང་སྡེ4ཡི་དུད་ཚང50ལྷག་སྐྱེ་ཁམས་གནས་སྤོ་བྱས་པ་རེད། 

   2012ལོའི་རྗེས་ནས་འཚོ་བ་སྐྱིད་པོ་རོལ་འགོ་ཚུགས་པ་རེད། 2016ལོར། ཤང་སྲིད་གཞུང་ནས་ཡུལ་མི་གནས་སྤོ་གྲོང་གསར་བར་གྱི་ཨར་འདམ་གཞུང་ལམ་བསྐྲུན་པ་དང་། རྫོང་གིས་མ་དངུལ་སྒོར་ཁྲི315བཏང་ནས་མི་ཕྱུགས་ལ་འཐུང་ཆུ་གཙང་མ་ཡོད་པ་དང་ཞིང་ལ་ཆུ་འདྲེན་རྒྱུ་ཡང་ཡོད་པ་བྱས་པ་རེད།


ཤམ་བྷ་ལ་ཕྱག་ཕྲེང་།


   སྡེ་རོང་རྫོང་གི་ཤིང་སེ་པན་སྐད་གྲགས་ཆེ་བ་རེད། ལོ་དྲུག་གི་སྔོན་དུ། ངས་སོན་ཨ་རག་བལྟས་ནས་འདེབས་པ་ཡིན། ད་ལོར་རྫོང་དང་ཤང་གིས་ཁེ་ལས་ནང་འདྲེན་བྱས་ནས་ཤང་སྲིད་གཞུང་དུ་ཤིང་སེ་པན་བཟོ་སྣོན་ལས་གྲྭ་བཙུགས་པ་རེད། ངས་མུའུ1.5བཙུགས་ཏེ་ཤིང་སེ་པན་རྒྱ་མ4000རག་ཅིང་ཡོང་འབབ་སྒོར་ཁྲི2.5ཐོབ་བྱུང་། རྫོང་གི་གཞིས་པ་མང་པོས་མེ་ཏོག་གསོ་བར་མཐོང་ནས་ངས་ཤིང་སེ་པན་གྱི་མེ་ཏོག་བཙུགས་ཏེ་གཞོང་པ་རེར་སྒོར50བྱས་ནས་བཙོངས་ཏེ་ཡོང་འབབ་སྒོར3000རག་བྱུང་། དེ་ནས་དབྱར་རྩྭ་དགུན་འབུ་བརྐོས་ནས་ཡོང་འབབ་སྒོར་ཁྲི་གཅིག་ཡས་མས་ཡོད་ཅིང་། རྒྱལ་ཁབ་ཀྱི་དམངས་ཕན་མ་དངུལ་སྒོར་ཁྲི་གཅིག་ལྷག་ཡོད་ལ། གྲོང་སྡེའི་ལས་བྱེད་པའི་གླ་ཕོགས་སྒོར་ཁྲི2ལྷག་ཡོད། ཁྱིམ་མི་བདུན་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི8ལ་ཟིན་པས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཟིན་པ་རེད་ཅེས་བསྟན་འཛིན་གྱིས་སྤྲོ་སེམས་ཆེན་པོས་དེ་ལྟར་བཤད་པ་རེད། 

   ཁེ་ལས་ཀྱིས་ཤིང་སེ་པན་བཟོ་སྣོན་བྱེད་ཀྱི་ཡོད་པས་ཤང་སྲིད་གཞུང་གིས་ཁྲིད་སྟོན་བྱས་འོག་གྲོང་མི་དང་ཁེ་ལས་བར་ཉོ་ཚོང་གན་རྒྱ་བཞག་སྟེ་གྲོང་མིར་ཐོན་ལས་ཀྱི་ཡོང་འབབ་བརྟན་པོ་ཡོད་པ་དང་། གྲོང་མི་ཆོས་འཛིན་ཚང་གི་ན་ལོའི་ཤིང་སེ་པན་གྱི་ཡོང་འབབ་སྒོར་ཁྲི8ཐོབ་ཅིང་། ད་ལོར་གྲོང་སྡེ་ཡོངས་ཀྱི་ཤིང་སེ་པན་མུའུ་10ལ་ཡོང་འབབ་སྒོར་ཁྲི15རག་རྒྱུ་རེད།

   ང་ཚོ་གྲོང་སྡེའི་དུད་ཚང12ནང་ལ་དྲུག་གིས་འཇིབ་འཁོར་ཉོས་ཡོད་པ་རེད། ངས་ཀྱང་རླངས་འཁོར་ཆུང་ཆུང་ཞིག་ཉོས་ནས་ཚ་བོ་རྫོང་སློབ་འབྲིང་ནས་ཡར་སྐྱེལ་མར་བསུ་བྱེད་བཞིན་ཡོད། ཚ་བོ་ཆེ་བ་དེ་དབྱི་པིང་དུ་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གྲྭར་འདོན་བཞིན་ཡོད། ཁོ་ཚོ་ང་ཚོ་དང་བསྡུར་ན་སྐྱིད་པོ་རེད། ཡི་གེ་འདོན་དུས་རིན་པ་སྤྲོད་མི་དགོས་པ་རེད་ཅེས་བསྟན་འཛིན་གྱི་ངོ་གདོང་དུ་བདེ་སྐྱིད་ཀྱི་ཉམས་སྣང་ཤར། 

 དཀའ་ཚེགས་ཆེ་བའི་དྲན་ཤེས་ཤིག་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་ནུབ། དུས་རབས་གསར་པར་གོམ་ཁ་སྒྱུར་ཚེ། མུ་མིན་གྲོང་སྡེའི་མ་འོངས་པའི་བདེ་སྐྱིད་མཛེས་རིས་ཤིག་མི་རྣམས་ཀྱི་མིག་ལམ་དུ་མངོན།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་དམངས་སྲོལ་དངོས་མིན་རིག་གནས་ཤུལ་བཞག་ཁང་སྟེ། མི་རིགས་སྒྱུ་རྩལ་གྱི་དྲན་འཆར་བང་མཛོད།
  • ལེ་ཚན་རྗེས་མ།:སི་ཁྲོན་དཀར་མཛེས་རྫོང་གིས་ཚད་མཐོན་པོའི“གེ་སར་རྒྱལ་པོའི་སྐུ་མཁར”བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།